རྟ་གོང་ནས་མེ་ཏོག་ལ་བལྟས་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༧  ཕྱི་ལོ་ ༢༠༡༨/༡༡ /༢༨

ཉེ་ཆར་ལོ་ཤས་སྔོན་བོད་ལ་གཉེན་འཕྲད་དུ་བསྐྱོད་མཁན་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་མི་རྒན་པ་ཞིག་དང་ཁ་པར་བརྒྱུད་ནས་སྐད་ཆ་བྱུང་སོང་། ཁོང་གིས་བོད་ནང་དུ་ཡར་རྒྱས་ཧ་ལས་པ་སོང་འདུག་ཅིང་། ལྷག་པར་དུ་ང་ཚོའི་ཕ་ཡུལ་ལ་མཚོན་ན་རྒྱ་མི་རིགས་དང་། རྒྱ་ནག་རྒྱལ་ཡོངས་སུ་ག་རེ་ཡོད་པ་དེ་ཚང་མ་འདུག་ཅེས་གདེང་ཚོད་ཆེན་པོའི་ཐོག་ནས་བརྗོད་སོང་། སྤྱིར་དུས་རྒྱུན་མི་རྒན་པའི་རིགས་ལ་གླེང་མོལ་བྱེད་སྐབས་རང་ཉིད་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར། ལྡོག་ཕྱོགས་ནས་སྐད་ཆ་ཤོད་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་ཀྱང་། སྐབས་འདིར་རང་ཚོད་འཛིན་མ་ཐུབ་པར་དྲི་བ་ཁ་ཤས་ཤིག་ལམ་སང་ཁ་ནས་ཤོར་སོང་། དང་པོའི་ཆར་དྲི་བ་དེ་དག་ཁོང་གི་སྣང་བར་ཕྱིན་མ་སོང་ནའང་། ཆུ་ཚོད་ཕྱེད་ལྷག་སྐད་ཆ་བཤད་རྗེས་གཞི་ནས་ལྟ་སྟངས་ཕྱོགས་ཙམ་གཞི་གཅིག་ཏུ་འབབ་པའི་བཟོ་ལྟ་བུར་གྱུར་སོང་། ཅིག་བྱས་ན་ཁོང་གིས་ང་ལ་བསྟུན་མཁས་གནང་བའམ། ཡང་ན་རྒྱུ་མཚན་དང་དོན་དངོས་ཁས་བླངས་པ་གང་ཡིན་མིན་རང་ངོས་ནས་ཤེས་མ་སོང་།

རྒྱ་མི་རིགས་ལ་ག་རེ་ཡོད་པ་དེ་འདུག་ཅེས་ཁྱེད་ཀྱིས་གསུངས་སོང་། དཔལ་འབྱོར་གྱི་ཐོག་ནས་ཧེ་བག་ཡོད་པ་དེ་ངས་མི་བཤད། མི་རིགས་ཞེས་བཤད་ཡོང་དུས་གཙོ་བོ་གཅིག་སྐད་ཡིག་རེད། ཉིད་ཀྱི་ཕ་ཡུལ་ཕྱོགས་ནས་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་ཐོབ་ཐང་བཞིན། བོད་ཀྱི་སྐད་ཡིག་བེད་སྤྱོད་གཅིག་མཚུངས་དགོས་པའི་ཞུ་གཏུགས་ཙམ་བྱས་པར་རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལ་ལོ་ལྔ་བཙོན་འཇུག་གིས་ཁྲིམས་ཐག་བཅད་པ་རེད། རྒྱ་མི་རིགས་ཀྱི་ངོས་ནས་རྒྱ་ཡིག་བེད་སྤྱོད་དགོས་ཞེས་ཞུ་གཏུགས་བྱེད་དགོས་པ་བྱུང་མེད། ད་དུང་ཁོར་ཡུག་སྲུང་སྐྱོབ་རང་དབང་། ཆོས་དད་རང་དབང་། འདུ་འཛོམས་རང་དབང་། སྨྲ་བརྗོད་རང་དབང་སོགས་གཞི་རིམ་གྱི་ཐོབ་ཐང་མང་པོ་ཞིག་རྒྱ་མི་རིགས་དང་། བོད་མི་རིགས་གཉིས་བསྡུར་ན་ས་དང་གནམ་གྱི་ཁྱད་པར་ཡོད། ད་དུང་འགྲོ་འདུག་རང་དབང་གཅིག་པུའི་ཐོག་ནས་བཤད་ན་ཁྱེད་ཚོའི་ཕ་ཡུལ་ནས་ལྷ་ས་ཕར་ཞོག ཆབ་མདོ་ལ་འགྲོ་ཡང་ཡིག་ཆ་མང་པོ་ཞིག་མེད་ན་འགྲོ་ཆོག་གི་མི་འདུག་པས། རྒྱ་ནག་ནང་དང་རྒྱ་མི་རིགས་ལ་འདི་ལྟ་བུའི་དཀའ་ངལ་གང་ཡང་མེད།

ཁོང་གིས་ཆབ་སྲིད་ཀྱི་ལས་འགུལ་མ་སྤེལ་ན་རང་དབང་འདུག་ཅེས་དང་། གཞི་རིམ་གྱི་སློབ་གྲྭ་ཁག་ཏུ་བོད་ཡིག་གཙོ་བོ་བྱས་ནས་སློབ་བཞིན་འདུག བོད་སྐད་ནང་རྒྱ་སྐད་བསྲེས་ནས་བཤད་མཁན་ལ་ཉེས་ཆད་གཏོང་བའི་ལུགས་སྲོལ་ཡང་འདུག སྐད་ཡིག་རྒྱུན་འཛིན་གྱི་ཐོག་ནས་བོད་ཕྱི་ནང་གཉིས་བསྡུར་ཐབས་མེད་པར་བོད་ནང་ཡག་པ་འདུག་ཟེར། བོད་ནང་ནས་རང་སྲོག་ལའང་མ་འཛེམས་པར་ལས་འགུལ་སྤེལ་དགོས་ཐུག་པ་དེ་སྐྱིད་ཆེ་ནས་མ་ཡིན་པར་རང་དབང་མེད་པར་ཨུ་ཐུག་པ་དང་། གཞི་རིམ་དུ་བོད་ཡིག་སློབ་ཀྱི་ཡོད་ཀྱང་། རྒྱ་གཞུང་གི་སྲིད་བྱུས་གཞིར་བཟུང་རིམ་པ་མཐོ་རུ་སོང་བཞིན་བོད་ཡིག་དང་བོད་ཀྱི་རིག་གནས་ཀྱི་སློབ་ཚན་ཉུང་དུ་སོང་སྟེ། སློབ་མཐར་ཕྱིན་སྐབས་བོད་ཀྱི་སྐད་ཡིག་རིག་གནས་ཤེས་མཁན་རྣམས་ལ་ལས་ཀ་བྱེད་སའི་ཁོར་ཡུག་ཧ་ཅང་དོག་པ་དང་། རྒྱ་མི་རིགས་ལ་འདི་ལྟ་བུའི་དཀའ་ངལ་གཏན་ནས་མེད། ད་དུང་བོད་ནང་དུ་ཉོ་ཚོང་གི་ཁོར་ཡུག་དང་། འགྲིམ་འགྲུལ་གྱི་ཁོར་ཡུག་གང་སར་རྒྱ་སྐད་མ་གཏོགས་བོད་སྐད་ཀྱིས་ཕན་མི་ཐོགས་པར་འགྱུར་བཞིན་པ་འདི་ཡང་དོན་དངོས་རེད།

སྦྲགས་སྐད་ཤོད་མཁན་ལ་ཉེས་ཆད་གཏོང་སྲོལ་འདི་མདོ་ཁམས་ཁུལ་གྱི་ས་གནས་ཁག་ཅིག་ལ་དར་སྲོལ་ཡོད་ཀྱང་། འདི་ནི་མི་མང་རང་ངོས་ནས་སྐད་ཡིག་འཆི་ཉེན་མཐོང་ནས་བྱས་པ་ཞིག་རེད། ཕྱིའི་རྣམ་པ་ཙམ་གྱི་ཐོག་ནས་སྒོ་བྱང་སོགས་སུ་བོད་ཡིག་ཡོད་ཀྱང་། དེ་ཙམ་གྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་པ་ཞིག་མིན་པར། སྐད་ཡིག་རིག་གནས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་པ་དང་། ཉིན་རེ་བཞིན་འཚོ་བ་དངོས་ཀྱི་དགོས་མཁོའི་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་ཡོད་པ་ཞིག་ཏུ་གྱུར་པའི་རྗེས་སུ་གཞི་ནས་བོད་ཀྱི་སྐད་ཡིག་འཆི་ཉེན་ལས་ཐར་པ་རེད། ད་དུང་དཔལ་འབྱོར་གྱི་ཐོག་ནས་སྔོན་མ་ཁྱེད་རྣམ་པ་དང་པོ་ཕ་ཡུལ་དང་ཁ་བྲལ་སྐབས་དང་བསྡུར་ན་འགྱུར་བ་ཆེན་པོ་སོང་ཡོད་ཀྱང་། བཙན་བྱོལ་དུ་སླེབས་པའི་སྐབས་དང་བསྡུར་ན་གཞིས་ཆགས་ཁག་གི་གནས་སྟངས་ལའང་ཁྱད་པར་ཆེན་པོ་སོང་ཡོད། གཙོ་བོ་ཁྱེད་རྣམ་པ་བོད་དུ་ཕེབས་སྐབས་ཐོག་མ་ཕ་ཡུལ་དང་ཁ་བྲལ་སྐབས་ཀྱི་གནས་སྟངས་དང་བསྡུར་ནས་བལྟས་ན། བོད་ནང་དུ་སླེབས་དུས་ཡར་རྒྱས་ཆེན་པོ་སོང་ཡོད་པ་ཞིག་མཐོང་གི་རེད།

མདོར་ན་གཙོ་བོ་རྒྱ་ཡི་གཏམ་དཔེ་“རྟ་གོང་ནས་མེ་ཏོག་ལ་བལྟས་པ་”ཞེས་བཤད་སྲོལ་ཡོད་པ་བཞིན། རྟ་བཞོན་ནས་ཐང་གི་མེ་ཏོག་ལ་བལྟས་ན་ཁ་དོག་དཀར་དམར་གང་ཡིན་ཙམ་ཤེས་ཐུབ་ཀྱང་། ཟེའུ་འབྲུ་དང་འདབ་མ་སོགས་ཞིབ་ཕྲ་ཤེས་མི་ཐུབ་པ་བཞིན། ཧོབ་སྟེ་བལྟས་ན་ཡར་རྒྱས་ཀྱི་རྣམ་པ་ཡོད་ཀྱང་། དོན་དངོས་སུ་རང་དབང་དང་འདྲ་མཉམ་གྱི་གནས་སྟངས་ཐོག་ནས་ཁྱད་པར་ཆེན་པོ་ཡོད་པ་དང་། མི་ཞིག་ལ་མཚོན་ན་དཀའ་ངལ་ཆེ་བའི་སྐབས་གལ་ཆེ་ཤོས་དེ་ཟས་གོས་གཉིས་ཡིན་ནའང་། ཟས་གོས་ཀྱི་གནད་དོན་ཐག་གཅོད་ཟིན་རྗེས་རང་དབང་དང་འདྲ་མཉམ་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ཀྱང་མེད་ན་མེད་ཐབས་མེད་པ་འབའ་ཞིག་ཡིན་པས། བོད་ནང་དུ་དཔལ་འབྱོར་ཡར་རྒྱས་སོང་ཡོད་པ་མ་ཟད། རྒྱ་མི་རིགས་ལ་གང་ཡོད་པ་ཚང་མ་གཅིག་མཚུངས་འདུག་ཅེས་བརྗོད་ཡོང་དུས་དོན་དངོས་སུ་གནས་སྟངས་དངོས་ལ་རེ་རེ་བཞིན་ཞིབ་འཇུག་མ་བྱས་པ་ཞིག་ཏུ་གྱུར་འདུག གཉེན་འཕྲད་དུ་འགྲོ་མཁན་ཚོས་བོད་ནང་གི་གནས་སྟངས་དངོས་ལ་རྟོག་ཞིབ་བྱེད་དགོས་པ་གལ་ཆེན་པོ་ཆགས་འདུག།

Share this:
༦༣༣ ཀློག་གྲངས།