ནང་ཆོས་སློབ་གཉེར་བྱེད་འདོད་ཡོད་པའི་མི་མང་ལ་མཐུན་རྐྱེན་གང་ཡོང་སྦྱོར་ཐབས་བྱེད་རྒྱུ་རེད་འདུག

རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས། མི་མང་ནང་ཆོས་སློབ་གཉེར་བྱེད་འདོད་ཡོད་རིགས་རྣམས་ལ་སྡོད་ཁང་དང་ཁ་ལག དེ་བཞིན་འཛིན་ཁང་དང་དུས་ཚོད་སྟབས་བདེ་སོགས་ཀྱི་མཐུན་རྐྱེན་གང་ཡོང་སྦྱར་རྒྱུ་ཡིན་པས། གཞོན་སྐྱེས་གཙོས་པའི་མི་མང་གང་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་སོང་།

ཟླ་༡༡ པའི་ཚེས་༢༩ ཉིན་རྡ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་དང་། ཕྱི་ལོ་༢༠༠༥ ལོ་ནས་རྡ་ས་གཙོས་པའི་བོད་མིའི་གཞིས་ཆགས་ཁག་ཏུ། མི་མང་ལ་ནང་ཆོས་སློབ་ཁྲིད་གནང་བཞིན་པའི་དགེ་བཤེས་ལྷ་རམས་པ་བློ་བཟང་གྲགས་པ་དང་དགེ་བཤེས་བློ་བཟང་ཟླ་བ་བཅས་ཀྱིས། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ལས་རིམ་གསར་པའི་ཐོག་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་ཡང་ཕྱི་ལོ་༢༠༡༩ ལོ་ནས་རྡ་ས་གཙོས་པའི་བོད་མིའི་གཞིས་ཆགས་ཁག་ནས། ནང་ཆོས་སློབ་གཉེར་བྱེད་འདོད་ཡོད་རིགས་ཀྱི་མི་མང་ཚོར་གོ་སྐབས་སྐྲུན་ཆེད་དུ། རྡ་སར་གནས་སྡོད་ཁང་པ་དང་ཁ་ལག འཛིན་ཁང་། དེ་བཞིན་མི་མང་དང་ཚོགས་སྡེ་ཁག་ལ་སྟབས་བདེའི་ཆེད་ཀྱི་དུས་ཚོད་ལྟར་སློབ་ཁྲིད་སོགས་ཀྱི་མཐུན་རྐྱེན་སྦྱར་ནས། དུས་ཡུན་ཟླ་བ་གཅིག་ནས་ལོ་གསུམ་བར་ནང་ཆོས་སློབ་གཉེར་བྱེད་ཆེད་མཐུན་རྐྱེན་གང་ཡོང་སྦྱར་རྒྱུ་ཡིན་པའི་གསལ་བསྒྲགས་དང་། ལས་རིམ་གསར་པ་དེར་གཞོན་སྐྱེས་གཙོས་པའི་མི་མང་གང་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་སོང་།

ཁོང་རྣམ་པས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་མི་རྣམས་ཀྱིས་སློབ་གཉེར་ཡོང་ཆེད་དུ། གཞིས་ཆགས་ཁག་ནས་ནང་ཆོས་སློབ་གཉེར་བྱེད་འདོད་ཡོད་མཁན་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་ཆེད་དུ། རྡ་སར་སྡོད་ཁང་དང་ཁ་ལག་སོགས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་དང་། རྡ་སར་གནས་སྡོད་བོད་མི་རྣམས་ཀྱི་ཁོངས་སུ། ལས་ཁུངས་ཁག་ཏུ་ལས་ཀ་བྱེད་མཁན་གཞོན་སྐྱེས་དང་དེ་བཞིན་ཚོང་པ་སོགས་ཚོགས་སྡེ་སོ་སོའི་དུས་ཚོད་གང་ལ་སྟབས་བདེ་ལྟར། སློབ་ཁྲིད་ཀྱི་དུས་ཚོད་བཟོས་ནས་ནང་ཆོས་སློབ་ཁྲིད་ཀྱི་འཛིན་གྲྭ་འཚོག་ཐུབ་པ་ཡོང་ཐབས་བྱ་རྒྱུ་ཡིན་འདུག

རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནི་ཕྱི་ལོ་༢༠༠༥ ལོར་གསར་འཛུགས་བྱས་ཡོད་པ་དང་། རྒྱུན་དུ་མི་མང་ལ་ནང་ཆོས་སློབ་གཉེར་གྱི་མཐུན་རྐྱེན་སྦྱར་བཞིན་ཡོད་ཁར། ཕྱི་ལོ་༢༠༡༣ ལོ་ནས་ལོ་ལྟར་ས་ག་ཟླ་བར་བླ་སྤྲུལ་དགེ་བཤེས་ཁག་ཅིག་གདན་ཞུས་ཀྱིས་མི་མང་ལ་ཆོས་འབྲེལ་མཛད་པའི་ལས་རིམ་གོ་སྒྲིག་ཞུ་ཡི་ཡོད་ཁར། ལོ་ལྟར་བོད་རིགས་གཞོན་སྐྱེས་སྟོང་ཕྲག་བརྒལ་བར་༧གོང་ས་མཆོག་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།

ཚོགས་ཆུང་གིས་བརྗོད་པ་ལྟར་ན། དབྱར་ཁའི་དུས་སྐབས་སུ་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭར་མི་མང་ཉིས་བརྒྱ་ནས་གསུམ་བརྒྱ་བར་མཉམ་ཞུགས་ཡོང་གི་ཡོད་པ་དང་། དགུན་ཁར་བརྒྱ་སྐོར་ཞིག་མཉམ་ཞུགས་ཡོང་གི་ཡོད་འདུག དེའི་ནང་ཐོག་མར་གཞོན་སྐྱེས་མཉམ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་ཡང་། ད་ལྟའི་ཆར་ཏོག་ཙམ་མང་དུ་ཕྱིན་ཡོད་འདུག གཞོན་སྐྱེས་མང་པོ་མཉམ་ཞུགས་ཡོང་ཆེད་རྒྱུན་དུ་ནང་ཆོས་སློབ་གཉེར་བྱེད་མཁན་ཕ་མ་རྣམས་ལ་རང་གི་ཕྲུ་གུ་རྣམས་ལ། ནང་ཆོས་སློབ་གཉེར་གྱི་གལ་གནད་སྐོར་བསླབ་བྱ་གནང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཁར། ཕྱི་ལོ་༢༠༡༩ ལོ་ནས་ལས་རིམ་གསར་པ་ལ་བརྟེན་ནས། གཞོན་སྐྱེས་གཙོས་པའི་མི་མང་གང་མང་ལ་མཐུན་རྐྱེན་སྦྱར་ཐུབ་ཐབས་བྱེད་རྒྱུ་ཡིན་འདུག

ནང་ཆོས་སློབ་གཉེར་བྱེད་མཁན་རྣམས་ལ་ནང་ཆོས་སྤྱི་དང་ནང་པའི་ཚན་རིག ལྟ་གྲུབ། སྒོམ་ཉམས་ལེན། ༧རྒྱལ་བའི་མཛད་ཆེན་བཞི། བོད་ཀྱི་སྐད་ཡིག་སོགས་ཀྱི་ཐོག་ལ་སློབ་ཁྲིད་བྱེད་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༣༣༤ ཀློག་གྲངས།