ལོ་མང་རྗེས་ལྷོ་ཀོ་རི་ཡའི་མེ་འཁོར་ཞིག་བྱང་ཀོ་རི་ཡར་འབྱོར་བ།

ལོ་ངོ་བཅུ་ཕྲག་གཅིག་ལས་མང་བའི་ཁྲོད། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཡག་སྡུག་གི་བརྒྱུད་རིམ་སྣ་མང་བྱུང་རྗེས། ཉེ་བའི་ཆར་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་རྣམ་པ་ཐོན་ནས། ལྷོ་ཀོ་རི་ཡའི་མེ་འཁོར་ཞིག བྱང་ཀོ་རི་ཡའི་ནང་མེ་འཁོར་ལྕགས་ལམ་གྱི་གནས་སྟངས་རྟོག་ཞིབ་བྱེད་པར་འབྱོར་ཡོད་འདུག

ཟླ་༡༡ པའི་ཚེས་༣༠ ཉིན་ཨ་རིའི་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔོན་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇི་ཨན་གྱིས། ལྷོ་བྱང་ཀོ་རི་ཡའི་གཉིས་བར་མེ་འཁོར་ལྕགས་ལམ་མཐུད་ནས། ལྷོ་ཀོ་རི་ཡ་ནས་མེ་འཁོར་བརྒྱུད་བྱང་ཀོ་རི་ཡ་དང་རྒྱ་ནག དེ་རྗེས་ཨུ་རུ་སུ་དང་ཡུ་རོབ་ཕྱོགས་སུ་འགྲུལ་བཞུད་བྱེད་རྒྱུ་ཡོད་པ་ཡོང་བའི་འཆར་སྣང་ཡོད་སྐོར་བརྗོད་པ་ལྟར། ཉེ་བའི་ཆར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པ་དང་བསྟུན། ལྷོ་ཀོ་རི་ཡའི་མེ་འཁོར་ཆེད་ལས་པའི་རུ་ཁག་ཅིག མེ་འཁོར་ཁང་མིག་བདུན་ཅན་ཞིག་ནང་བསྡད་ནས་བྱང་ཀོ་རི་ཡར་འབྱོར་འདུག མེ་འཁོར་དེ་བདུན་ཕྲག་ཁ་ཤས་རིང་བྱང་ཀོ་རི་ཡའི་མེ་འཁོར་ལྕགས་ལམ་ཐོག་འགྲུལ་བཞུད་བྱས་ཏེ། ལོ་མང་རིང་ཡར་རྒྱས་བཏང་མེད་པའི་བྱང་ཀོ་རི་ཡའི་ལྕགས་ལམ་ལ་རྟོག་ཞིབ་བྱས་ཏེ། ཡར་རྒྱས་གཏོང་དགོས་པའི་རིགས་ལ་འགྲོ་སོང་ཚོད་དཔག་བྱེད་རྒྱུ་ཡིན་འདུག

དེ་སྔོན་ཕྱི་ལོ་༢༠༠༧ ལོར་ལྷོ་ཀོ་རི་ཡ་ནས་མེ་འཁོར་ཆེད་ལས་པའི་རུ་ཁག་གཅིག བྱང་ཀོ་རི་ཡའི་ལྕགས་ལམ་རྟོག་ཞིབ་ཆེད་སླེབས་ཡོད་འདུག་ཀྱང་། རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ནས་ལོ་ངོ་བཅུ་ལས་མང་བའི་རྗེས་སུ་ཐེངས་དང་པོར་བསྐྱར་དུ་སླེབས་ཐུབ་པ་རེད་འདུག

ལྷོ་བྱང་ཀོ་རི་ཡ་གཉིས་བར་འབྲེལ་ལམ་ཟབ་ཏུ་གཏོང་འདོད་ཀྱི་རྣམ་པ་ཆེན་པོ་སྟོན་བཞིན་ཡོད་ཀྱང་། བྱང་ཀོ་རི་ཡས་རྡུལ་མཚོན་ལས་གཞི་མཚམས་འཇོག་ཆ་ཚང་བྱེད་རྒྱུ་ཡིན་རྐྱེན། མཉམ་འབྲེལ་རྒྱལ་ཁབ་གཙོས་པའི་ཨ་རི་སོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་ད་དུང་ཡང་འགྲོ་བཞིན་ཡོད་པས། མེ་འཁོར་ལྕགས་ལམ་རྟོག་ཞིབ་ཀྱི་རུ་ཁག་དེར་མཉམ་འབྲེལ་རྒྱལ་ཁབ་ནས་དམིགས་བསལ་ཆོག་མཆན་ལེན་དགོས་པ་བྱུང་འདུག་པ་མ་ཟད། མེ་འཁོར་གྱི་སྣུམ་དང་འཐུང་ཆུ། ས་རིགས་སོགས་བྱང་ཀོ་རི་ཡ་ནས་ཉོ་ཆོག་གི་མེད་ཁར། ལྷོ་ཀོ་རི་ཡ་ནས་སྔོན་ཚོད་ནས་གྲ་སྒྲིག་བྱས་ནས་འཁྱེར་ཡོང་དགོས་ཀྱི་ཡོད་པ་མ་ཟད། ལྷག་མ་རྣམས་ཕྱིར་ལྷོ་ཀོ་རི་ཡར་འཁྱེར་ཡོང་དགོས་པ་ལས། བྱང་ཀོ་རི་ཡར་འཇོག་ཆོག་གི་མེད་འདུག

ལྷོ་ཀོ་རི་ཡའི་འབྲེལ་ཡོད་ལས་བྱེད་ཀྱིས་བརྗོད་པར་གཞིགས་ན། ལྷོ་ཀོ་རི་ཡའི་ནང་དུ་ལྕགས་ལམ་གྱི་རིང་ཚད་ཀི་ལོ་མི་ཊར་༣༩༠༠ ཡོད་པ་དང་། བྱང་ཀོ་རི་ཡའི་ནང་ལྕགས་ལམ་གྱི་རིང་ཚད་ཀི་ལོ་མི་ཊར་༥༢༢༦ ལས་མང་བ་ཡོད་འདུག་ཀྱང་། བྱང་ཀོ་རི་ཡའི་ལྕགས་ལམ་མང་ཆེ་བའི་འགྲུལ་ལམ་གཅིག་བྱས་པ་ལས་གཉིས་བྱས་པ་མིན་འདུག་པས། མེ་འཁོར་གཉིས་ལྕགས་ལམ་གཅིག་ཐོག་འགྲུལ་བཞུད་བྱེད་ཐུབ་ཀྱི་མེད་འདུག

ཕྱི་ལོ་༢༠༡༢ ལོར་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡས་ལྕགས་ལམ་བསྐྱར་བཟོ་བྱེད་པར་བྱང་ཕྱོགས་ཀྱི་ལྕགས་ལམ་ལ་ཨ་སྒོར་ས་ཡ་༢༡༠ དང་། ནུབ་ཕྱོགས་ཀྱི་ལྕགས་ལམ་ལ་ཨ་སྒོར་ས་ཡ་༩༦ བཅས་ཀྱི་འགྲོ་སོང་འགྲོ་རྒྱུ་ཚོད་དཔག་བྱས་འདུག་པ་དང་། ད་ལྟའི་ཆར་ལྕགས་ལམ་དེ་དག་བསྐྱར་བཟོ་མ་བྱས་པར་ལོ་མང་སོང་བའི་རྐྱེན་གྱིས་འགྲོ་སོང་ཆེ་བ་འགྲོ་སྲིད་པ་རེད་འདུག

གལ་ཏེ་མ་འོངས་པར་རྒྱལ་སྤྱིའི་ཐོག་ནས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་བཏང་བ་རྣམས་མཚམས་འཇོག་བྱུང་ནས། ཕྱོགས་གཉིས་བར་གྱི་ལྕགས་ལམ་མཐུད་ནས་འགྲུལ་བཞུད་བྱེད་ཆོག་པ་བཟོས་ཚེ། བྱང་ཀོ་རི་ཡའི་བཟོ་གྲྭ་དང་ལྷོ་ཀོ་རི་ཡའི་ཁྲོམ་ར་མཐུད་ཐུབ་པ་དང་། ལྷོ་ཀོ་རི་ཡས་ཐོན་ཟོག་རྣམས་རྒྱ་ནག་དང་ཡུ་རོབ་ལ་མགྱོགས་ཚད་མྱུར་བའི་ཐོག་ནས་སྐྱེལ་འདྲེན་བྱེད་ཐུབ་རྒྱུ་ཡིན་འདུག འོན་ཀྱང་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་དེ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་ཉེན་ཁར་རྩིས་ནས། དཔལ་འབྱོར་ཉེས་ཆད་སོགས་ཀྱི་ཐོག་ནས་ལས་གཞི་དེ་མཚམས་འཇོག་བྱེད་དུ་འཇུག་ཐབས་བྱེད་བཞིན་པས། མ་འོངས་པའི་གནས་སྟངས་བཟང་ཕྱོགས་སུ་འགྲོ་མིན་ཡང་ཐེ་ཚོམས་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༦༩༥ ཀློག་གྲངས།