༧གོང་ས་མཆོག་དང་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བ།

ཟླ་༡༡ པའི་ཚེས་༣༠ ཉིན་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ཨལ་སཱི་ཨོར་ལོཝེ་ཡིས། རྡ་སར་ཆེད་དུ་བཅར་ནས་༧གོང་ས་མཆོག་དང་གཟིམ་མཆུང་མཇལ་ཁ་ཞུས་འདུག་པ་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། ཁལ་མུཀ་མི་མང་ལ་ལོ་གསར་འཚམས་འདྲི་ཞུས་འདུག

tibet.net

དེ་ཡང་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ཨལ་སཱི་ཨོར་ལོཝེར་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁར་བཅར་འདུག་པ་དང་། སྐབས་དེར་༧གོང་ས་མཆོག་ནས་བོད་དང་སོག་པོའི་དབར་ཡུན་རིང་ལོ་རྒྱུས་ཀྱི་འབྲེལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་དང་གཏིང་ཟབ་པོ་ཡོད་པའི་སྐོར་དང་།  ལྷག་པར་དུས་རབས་༢༡ པའི་ནང་པ་ཞིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར། མ་འོངས་པར་ཨུ་རུ་སུའི་ནང་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལས་འགུལ་འགོ་བཙུགས་ཏེ། སློབ་གྲྭ་ཁག་གི་ནང་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་གནང་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་བཀའ་སློབ་བསྩལ་གནང་འདུག   དེ་བཞིན་ཟླ་༡༢ ཚེས་༢ ཉིན་ནི་ཁལ་མུཀ་མི་མང་གི་ལོ་གསར་ཡིན་པ་ལྟར།  ༧གོང་ས་མཆོག་གིས་སྲིད་འཛིན་མཆོག་བརྒྱུད་ཁལ་མུཀ་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་འཛིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་མཇལ་འཕྲད་གནང་སྟེ།  སྤྱིར་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་སྤྱི་དང་།  ཡང་སྒོས་ཨུ་རུ་སུ་དང་རྒྱ་ནག  དེ་བཞིན་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ཙམ་མ་ཟད།  ཨུ་རུ་སུ་དང་ཨ་རིའི་དབར་ཆབ་སྲིད་ཀྱི་འབྲེལ་བའི་སྐོར་ལ་དབུ་ཁྲིད་རྣམ་གཉིས་བཀའ་མོལ་ལྷུག་པོ་བྱུང་འདུག སྐབས་དེར་སྲིད་འཛིན་གྱིས་ཨུ་རུ་སུའི་ནང་ཡོད་པའི་ནང་པ་དང་། ལྷག་པར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་རྣམས་ཀྱིས་མ་འོངས་པར་ཡང་བོད་དོན་ཐོག་སེམས་འཚབ་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་སྲིད་འཛིན་ཁོང་གིས་གནས་ཆུང་སྐུ་རྟེན་དང་ཐུག་འཕྲད་གནང་ཡོད་འདུག

ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པའི་རང་སྐྱོང་རྒྱལ་ཁབ་གཅིག་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༢ ལོའི་ཞིབ་བཤེར་ཞིག་ལ་གཞིགས་ན། མི་མང་བརྒྱ་ཆ་༤༧.༦ ནང་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༥༤ ཀློག་གྲངས།