བོད་ཀྱི་གྲོས་ཚོགས་བསྐྱར་ཞིབ་ཀྱི་བགྲོ་གླེང་།

བགྲོ་གླེང་བ་རྣམས་ནི། བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་དོན་གྲུབ་བཀྲ་ཤིས་དང་། བོད་ཀྱི་བང་ཆེན་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། དབུ་མའི་ལམ་གྱི་དུས་དེབ་རྩོམ་སྒྲིག་པ་རྨོག་རུ་བསྟན་པ། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་བསྟན་འཛིན་དབྱངས་འཛོམས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་པ་ཚེ་རིང་ཆོས་འགྲུབ། སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ་བཅས་ཡིན་པ་རེད། དེའི་ནང་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཤར་གླིང་ཟླ་སྒྲོན་དང་། རྩོམ་པ་པོ་ཨ་འབྲུག་དཀོན་མཆོག་གཉིས་བགྲོ་གླེང་ཐོག་ལས་དོན་གྱིས་རྐྱེན་པས་དངོས་སུ་ཞུགས་ཐུབ་མེད་པ་རེད། བགྲོ་གླེང་གཙོ་སྐྱོང་བ་ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ཡིན་པ་རེད།

reviewtpie-2བགྲོ་གླེང་གི་དམིགས་ཡུལ་སྐོར་སྒྲོན་མེ་རྩོམ་སྒྲིག་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། དེང་སྐབས་ཚང་མས་བཀའ་བློན་ཁྲི་པའི་སྐོར་ལ་དོ་སྣང་བྱེད་པ་མ་གཏོགས། བོད་མི་མང་སྤྱི་འཐུས་སྐོར་ལ་དོ་སྣང་མེད་པའི་སྟོང་ཆ་ཆེན་པོ་ཞིག་ལྷག་བསྡད་འདུག འདས་ཟིན་གྱི་བོད་མི་མང་སྤྱི་འཐུས་མི་ལ་བསྐྱར་ཞིབ་བྱས་ནས་མ་འོངས་པའི་འཐུས་མི་རྣམ་པའི་ཤེས་ཚད་དང་། ལངས་ཕྱོགས། འགན་ལེན་བྱེད་སྟངས། དྲང་ཚུགས་ཀྱི་ནུས་པ། སྤྱི་སེམས་ཁུར་སྟངས། ཆིག་སྒྲིལ་སོགས་ག་འདྲ་ཞིག་དགོས་ཀྱི་འདུག་མི་མང་ཚང་མས་ཉམས་ཞིབ་དང་བསྐྱར་བྱེད་དགོས་ཀྱི་འདུག བསྐྱར་ཞིབ་བྱས་ནས་མི་མང་རྣམས་ཀྱིས་དེའི་ཐོག་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད་འདུག དེར་བརྟེན་དེ་རིང་མི་མང་རྣམས་མཉམ་དུ་འཛོམས་པའི་བརྒྱུད་ལམ་ཞིག་བསྐྲུན་པ་ཡིན་ཞེས་བརྗོད་སོང།

reviewtpie-3དེ་ནས་རིམ་བཞིན་བགྲོ་གླེང་བ་རྣམས་ཀྱིས་རང་རང་གི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་རྗེས། མི་མང་རྣམས་དང་དྲི་བ་དྲིས་ལན་གྱིས་བགྲོ་གླེང་ལྷུག་པོ་བྱུང་སོང་། དེའི་ནང་ནས་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་དགོས་དོན་མེད་པའི་སྐོར་བརྗོད་པའི་ཐད་བགྲོ་གླེང་མང་པོ་བྱུང་བ་དང་། དེ་བཞིན་བསྟན་འཛིན་དབྱངས་འཛོམས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་ནང་བཙུན་མ་ཡོང་དགོས་པ་གལ་ཆེན་པོ་ཡིན་པར་བརྗོད་པའི་ཐད་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། རྩ་བའི་ཆ་ནས་ཚང་མས་བོད་མི་མང་སྤྱི་འཐུས་ཟེར་བ་དེ་རང་ཚུགས་བརྟན་པོ་ཡོད་མཁན་ཞིག་དང་། སྤྱི་པའི་རྩ་དོན་ལ་འགན་ཁུར་བའི་ལྷག་བསམ་ཡོད་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་པ་དང་།

དེ་བཞིན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་རིས་ཅན་དང་། གྲོས་ཚོགས་ནང་གི་རྐུབ་བཀྱག་ཚ་པོ་བཟོ་ཐུབ་ཙམ་དང་། ཁག་ཅིག་རྐུབ་བཀྱག་ཚ་པོ་བཟོ་རྒྱུ་ཕར་ཞོག གྲོས་ཚོགས་ནང་དུ་མི་ཡོང་བར་རྐུབ་བཀྱག་སྟོང་པ་འཇོག་མཁན། དེ་བཞིན་གྲོས་ཚོགས་ལ་བརྩི་སྲུང་མི་བྱེད་པར་གྲོས་ཚོགས་སུ་རྗེས་ལུས་ཐེབས་པ་དང་། དགོངས་ཞུ་མང་དྲགས་པའི་རྐྱེན་གྱིས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་གྲོས་ཚོགས་འཚོགས་མ་ཐུབ་པ་བྱུང་བ་དེ་ཚོ་སྤྱི་འཐུས་རྣམས་ཀྱིས་འགན་མ་ཁུར་བ་ཞིག་ཡིན་པར་བརྟེན། མ་འོངས་པར་དེ་འདྲའི་སྤྱི་འཐུས་མི་སླེབས་པའི་ཆེད་དུ་ད་ལྟ་ནས་མི་མང་གིས་བསྐྱར་ཞིབ་དང་དོ་སྣང་བྱས་ནས་ཚད་དང་ལྡན་པའི་སྤྱི་འཐུས་འོས་འདེམས་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་ལ་བགྲོ་གླེང་ལྷུག་པོ་བྱུང་བ་མ་ཟད། མི་མང་ཡང་གང་མང་འཛོམས་ནས་བགྲོ་གླེང་དེ་འཁྲུག་ཆ་དོད་པོ་ཆགས་སོང་།།

{jcomments on}

Share this:
༣༤ ཀློག་གྲངས།