ཚོགས་གཙོ་གསར་པ་པདྨ་འབྱུང་གནས་ཀྱི་ལས་འཁུར་དམ་འབུལ།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཀྱི་ཚོགས་ཁང་གསར་པའི་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱི་མདུན་དུ་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་ཚོགས་དུས་དང་པོའི་ཐོག་འདེམས་ཐོན་བྱུང་བའི་ཚོགས་གཙོ་པདྨ་འབྱུང་གནས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཚོགས་གཙོ་གསར་པ་པདྨ་འབྱུང་གནས་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། “གཙོ་བོ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གང་ཐུབ་འགྲོ་རྒྱུ་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་སོ་སོས་ནུས་པས་གང་ལྕོགས་ཀྱིས་ལས་ཀ་བྱེད་རྒྱུ། ལྷག་པར་དུ་སྔོན་མ་ང་གྲོས་ཚོགས་ཚོགས་གཙོ་བྱེད་སྐབས། ང་ཚོ་རྒྱ་གར་ལ་ཡོད་པས། རྒྱ་གར་གྱི་གྲོས་ཚོགས་དང་མངའ་སྡེའི་གྲོས་ཚོགས་ནང་རྒྱབ་སྐྱོར་གང་མང་རག་ཐབས་སུ་འབད་བརྩོན་བྱས་རེད་དེ། འབད་བརྩོན་བྱས་པ་ནང་བཞིན་བྱུང་ཡོད་མ་རེད། སྐབས་དེར་ལས་འཆར་ནང་དེ་འདྲ་ཡོད་དེ་བྱུང་མ་སོང་༧སྐྱབས་མགོན་རིན་པོ་ཆེར་ཞུས་སྐབས། དེ་ཕངས་པོ་རེད་གསུངས་སོང་། ད་ཐེངས་རྒྱབ་སྐྱོར་བ་མངའ་སྡེའི་གྲོས་ཚོགས་ནང་འཛུགས་ཐབས་བྱེད་རྒྱུ་ཡིན། ང་ཚོ་མི་མང་གིས་འོས་འདེམས་བྱས་པ་ཞིག་ཡིན་པས་རྒྱ་ཆེའི་མི་མང་ཐུགས་མ་ཕམ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད་”ཅེས་གསུངས་སོང་།

དེ་ཡང་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པ་འདེམས་ཐོན་བྱུང་བ་དང་། ༢༠༡༦ ལོའི་ཕྱི་ཟླ་༥ པའི་ཚེས་༣༠ ཉིན་གྲོས་ཚོགས་ཚོགས་གཙོ་གསར་པ་འོས་འདེམས་སྐབས། ཚོགས་གཞོན་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཚོགས་གཙོ་ཟུར་པ་པདྨ་འབྱུང་གནས་གཉིས་འོས་གྲངས་གཅིག་པ་ཆགས་ནས། ལོ་གཉིས་དང་ཕྱེད་ཀ་རིང་ལ་རེས་མོས་བྱེད་རྒྱུ་བྱས་ནས། འདི་ལོའི་ཕྱི་ཟླ་༡༢ ནང་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་ལས་དུས་རྫོགས་པ་དང་། ཚོགས་གཙོ་གསར་པའི་ལས་ཁུར་དམ་འབུལ་ཞུས་ཡོད་པ་རེད།

དམ་འབུལ་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན། སྲིད་སྐྱོང་བློ་བཟང་སེང་གེ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། ཁྱབ་ཁོངས་སྡེ་མཚན་ཁག་གི་འགན་འཛིན་བཅས་ཕེབས་ཡོད་པ་རེད།

ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱིས་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་ནས་ཚོགས་གཙོའི་ལས་འཁུར་དམ་འབུལ་ཞུས་པ་དང་། སྐུ་མགྲོན་རྣམ་པས་འཚམས་འདྲིའི་ཁ་བཏགས་འཐེན་ཡོད་པ་རེད།

ཚོགས་གཙོ་པདྨ་འབྱུང་གནས་ནི་བོད་མི་མང་སྤྱི་འཐུས་སྐབས་༡༠ པ་དང་། ༡༡། ༡༢། ༡༣། ༡༤ བཅས་སུ་ས་སྐྱའི་ཁོངས་ནས་སྤྱི་འཐུས་སུ་བདམས་ཐོན་བྱུང༌། སྐབས་༡༥ པ་དང་༡༦ པར་དབུས་གཙང་ཁོངས་ནས་བདམས་ཐོན་བྱུང༌། ཁོང་གིས་སྐབས་༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་མྱོང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༨༡༨ ཀློག་གྲངས།