གདང་ལ་རི་བོ་སྙན་ངག་འགྲན་རྩོམ་གཟེངས་བསྟོད་ཀྱི་མཛད་སྒོ།

ཟླ་འདིའི་ཚེས་༢ ཉིན་དྷ་ས་བོད་ཀྱི་མགྲོན་ཁང་གི་ཚོགས་ཁང་དུ་སྐབས་གསུམ་པའི་གདང་ལ་རི་བོ་སྙན་ངག་འགྲན་རྩོམ་གཟེངས་བསྟོད་ཀྱི་མཛད་སྒོ་འཚོགས་པ་དང་། གདང་ལ་རི་བོ་དཔེ་ཚོགས་དེང་ཕྲེང་དགུ་པ་དང་རྩོམ་རིག་དྲ་རྒྱ་ཞིག་དབུ་འབྱེད་གནང་སོང་། 

གདང་ལ་རི་བོ་དཔེ་ཚོགས་༢༠༡༤ ལོར་བོད་མི་རྩོམ་པ་པོ་སྒེར་བ་ཁག་ཅིག་གིས་འགོ་འཛུགས་བྱས་པ་དང་། ཐེངས་འདིར་སྙན་རྩོམ་དུས་དེབ་༢ པ་པར་སྐྲུན་བྱས་ཡོད་པ་རེད། 

དབུ་འབྱེད་མཛད་སྒོའི་ཐོག་སྙན་ངག་འགྲན་རྩོམ་ནང་ཞུགས་མཁན་ཨང་དང་གཉིས་གསུམ་ལ་གཟེངས་རྟགས་སྤྲད་པ་དང་། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས། ལོ་དྲུག་ཅུའི་རིང་བཙན་བྱོལ་ནང་དཀའ་ངལ་མང་པོའི་འོག་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་ཆེད་ལས་དོན་བྱས་ཡོད་པ་དང་། ཤེས་ཡོན་གྱི་རྨིང་གཞི་ཡག་པོ་ཡོང་ཐབས་སུ་གདང་ལ་རི་བོའི་དཔེ་ཚོགས་དེ་ཆ་ཤས་ཡིན་པས་མུ་མཐུད་འབད་བརྩོན་དགོས་པ་སྐོར་གསུངས་སོང་། 

གདང་ལ་རི་བོ་རྩོམ་སྒྲིག་པའི་གཏམ་ནང་དུས་དེབ་འདོན་དགོས་པའི་དམིགས་ཡུལ་སྐོར་འཁོད་དོན་ “མི་རིགས་ཤིག་འཚོ་གནས་ཐུབ་མིན་སྐད་ཡིག་ལ་རག་ལས་པ་དང་། སྐད་ཡིག་དར་འཕེལ་ཇི་ཡོང་བཀོལ་སྤྱོད་མང་ཉུང་ལ་བརྟེན་ཡོད། དེ་ལྟ་བས་ན་ང་ཚོས་༼ གདང་ལ་རི་བོ་ ༽ ཡི་དུས་དེབ་འདི་ཉིད་འདོན་དགོས་དོན་ཡང་སྙིང་། རྩོམ་པ་པོ་སྐྱེད་སྲིང་དང་། ཀློག་པ་པོ་སྤྲོ་བ་སྐྱེད་ཅིང་དེ་གཉིས་ཀྱི་བར་སྟོང་ཁ་སྐོང་ངམ་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་ཏུ་རེ་ནས་ཡོད་”ཅེས་གསལ་འདུག 

བོད་ཀྱི་རྩོམ་རིག་སྐོར་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་གི་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་མཚོ། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་སྨན་ཤར་བློ་གྲོས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།། 

གསར་འགོད་པ་ཆོས་ཉིད་འོད་ཟེར། 

Share this:
༤༢༦ ཀློག་གྲངས།