ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོའི་སྐུ་ཕུང་ཞུགས་འབུལ།

ཕྱི་ཟླ་༡༡ ཚེས་༣༠ ཉིན་གྱི་ཞོགས་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་དྷ་ས་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་པ་དང་། ཟླ་འདིའི་ཚེས་༣ ཉིན་དྷ་སར་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྐབས་དེར་བཀའ་བློན་ཀརྨ་ཡེ་ཤེས་དང་། སྤྱི་འཐུས་ཁག་ཅིག ཀིརྟི་གྲྭ་ཚང་གི་མཁན་པོ་དབུས་དགེ་འཛུན་པ་རྣམས། དྷ་ས་ས་གནས་འགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུས་རྒྱུན། སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་༢༠༡༡ ལོར་ཁོང་གིས་ཀིརྟི་རིན་པོ་ཆེར་གྲྭ་ཚང་ནས་སྒྲིག་ཞུགས་དགོས་སྐོར་ཞུས་ནས། གྲྭ་ཚང་དུ་ཞུགས་ཡོད་པར་བརྟེན། སྐུ་སྨྱོང་སྐབས་ཀྱི་ཞབས་ཞུ་དང་། སྐུ་ཕུང་ཞུགས་འབུལ་གྱི་ལས་ཀ་ཆ་ཚང་ཀརྟི་གྲྭ་ཚང་གིས་བྱས་ཡོད་པ་དང་། དེའི་སྐོར་གྲྭ་བློ་བཟང་ཡེ་ཤེས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། “ཚེས་༦ ཉིན་བདུན་ཚིགས་དང་པོར་ཁེལ་ཡོད་པས། སྐབས་དེར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིག་འཛིན་དམ་པའི་ཡང་སྤྲུལ་རིན་པོ་ཆེ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་རྩ་བའི་བླ་མར་བརྩི་ཡོད་པས། ཁོང་དབུ་བཞུགས་ཐོག་མཆོད་འབུལ་རྒྱས་པ་དང་། དེ་ནས་ཞེ་དགུ་མ་ཚང་བར་དུ་གྲྭ་ཚང་ནང་མཆོད་འབུལ་གྱི་ཆོ་ག་ཆ་ཚང་བྱེད་རྒྱུའི་གྲ་སྒྲིག་ཡོད་”ཅེས་དང་། “ཁོང་སྐུ་མ་གྲོངས་སྔོན་ཕྱི་ཟླ་༡༡ པའི་ཚེས་༧ ཉིན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༧གོང་ས་མཆོག་གིས་ཁྱེད་རང་གིས་མི་ཚེ་གང་བོར་སྐུ་ལས་བསྐྱོན་ཡོད་པ་དང་། ཚེ་རབ་ཀུན་དུ་རྗེས་འཛིན་གྱི་སྨོན་ལམ་ཡོད་གསུངས་པ་དང་། སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་ཞེས་པའི་སྨོན་ལམ་དེ་བསྐྱོར་གནང་སོང་། སྐུ་གྲོངས་སྐབས་ཀྱང་༧གོང་མཆོག་གི་སྐུ་པར་མཇལ་ནས་ཐར་མོ་སྦྱར་བ་དང་། སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་ཞེས་པའི་སྨོན་ལམ་བསྐྱོར་ནས་ལྷོད་ལྷོད་སྐུ་གྲོངས་སོང་”ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པས་བཀའ་བློན་ཀརྨ་ཡེ་ཤེས་ལ་བཅར་འདྲི་བྱས་པར། ཁོང་གིས། “ཁ་ཉིན་སྐུ་གྲོངས་པ་དང་བཀའ་ཤག་གི་ཚབ་བྱས་ནས་སྲིད་སྐྱོང་གིས་ཐུགས་གསོའི་འཚམས་འདྲི་ཕུལ་རེད་ལ། དཔལ་ལྡན་རྒྱ་མཚོ་ལགས་བོད་ཀྱི་བསྟན་པ་ཆབ་སྲིད་ཆེད་དུ་ལོ་ངོ་༣༣ ལ་བཙོན་ཁང་དུ་བཞུགས་དགོས་ཁེལ་བ་དང་། རྒྱ་གར་དུ་ཕེབས་རྗེས་ཕྱིའི་རྒྱལ་རྒྱལ་ཁབ་མང་པོའི་ནང་བོད་དོན་དྲིལ་བསྒྲགས་ཆེད་དུ་ལས་དོན་གནང་བ་རེད། ཁོང་ལ་བཀའ་ཤག་དང་བོད་མི་ཚང་མས་རྗེས་དྲན་ཞུ་དགོས་པ་དང་། སྐྱེ་བ་རྗེས་མར་བོད་ལ་སྐྱེས་ནས་སྔོན་མ་བཞིན་ཆབ་སྲིད་ལས་འགུལ་གྱི་འགན་ཁུར་ནས་སྐྱེ་བ་བཟང་པོ་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད་”ཅེས་གསུངས་སོང་།

སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་ཁོང་རྗེས་དྲན་དང་འབྲེལ་ནས་གསུང་དོན། “དཔལ་ལྡན་རྒྱ་མཚོ་ལགས་ང་ཚོའི་ཆབ་སྲིད་བཙོན་ཟུར་ལོ་༣༣ རིང་བཙོན་ཁང་དུ་བསྡད་རྗེས་རྒྱ་གར་དུ་ཕེབས་ཐུབ་མཁན་དེ་རེད། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་ནས་སྐུ་གྲོངས་པ་རེད་ལ།

དེ་ལ་གུས་ཞབས་ཆེད་དུ་འདིར་བཅར་བ་ཡིན། ཁོང་སྤོབས་པའི་ཐོག་ནས་དགོངས་པ་རྫོགས་ཀྱི་ཡོད་པ་ཞིག་རེད་ལ། ཁོང་གིས་བོད་ནང་ཛ་དྲག་ཡིན་པས། མི་རབས་གསར་པར་འགན་འཁྲི་ཡོད་པ་གསུང་གི་རེད། དེ་ང་ཚོས་སེམས་ལ་འཇོག་རྒྱུ་གལ་ཆེན་པོ་འདུག སྐབས་རེར་མི་ཞིག་གྲོངས་པ་དང་དེར་སེམས་པ་སྐྱོ་པོ་དང་བློ་ཕམ་བྱས་ནས་འདུག་གི་འདུག གཙོ་བོ་གང་ཟག་དེས་བློས་གཏོང་ག་རེ་བྱས་འདུག་དང་ག་རེའི་ཆེད་དུ་བྱས་འདུག ཕུགས་བསམ་དང་ཆོད་སེམས་ག་རེ་ཡོད་མེད་ཐོག་ང་ཚོས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག་”ཅེས་གསུངས་སོང་།

དྷ་སར་གནས་སྡོད་ཡེ་ཤེས་བཟང་མོས་རྗེས་དྲན་དང་འབྲེལ་གསུང་དོན། “དགེ་འདིར་ཕེབས་པ་དང་ང་འཆམ་པོ་ཡོད། ཤག་ནང་ལ་རྩམ་པ་ཁྱེར་ནས་ཐུག་སར་འགྲོ་ཡི་ཡོད་ལ། ངའི་བུའི་ཆང་ས་ལ་ཁོང་གིས་ཁ་བཏགས་དེ་འདྲ་བསྐུར་འདུག དགེ་ཁོང་ལ་རྒྱ་ནག་གི་བཙོན་ཁང་ནས་མནར་གཅོད་གཏོང་སྟངས་སྐོར་གསུངས་དུས། ང་ལ་ངུ་ཤོར་གྱི་ཡོད་”ཅེས་གསུངས་སོང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ནི་༡༩༣༣ ལོར་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་པ་དང་། འབྲས་སྤུངས་སུ་ཆོས་ཞུགས་གནང་། ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པར་བརྟེན་ལོ་༧ རིང་བཙོན་འཇུག་ཁྲིམས་ཐག་བཅད། ༡༩༦༢ ལོར་བྲོས་བྱོལ་བྱེད་ཐབས་བྱས་པར་བརྟེན་བཙོན་འཇུག་དུས་ཡུན་ལོ་༡༥ སྤོར་བ་དང་། ལོ་གཉིས་རིང་རྐང་ལྕགས་བརྒྱབ་ནས་བཞག ༡༩༧༥ ལོར་བཙུན་འཇུག་དུས་ཡུན་ཚང་ནའང་རང་ཁྱིམ་ལ་མ་བཏང་བར་ངལ་རྩོལ་བསྒྱུར་བཀོད་ནང་བཅུག་པ་དང་། ༡༩༧༩ ལོར་བསྐྱར་དུ་ཁོང་གིས་བོད་རང་བཙན་གྱི་སྦྱར་ཡིག་བཀྲམ་པ་དང་། རྒྱ་ནག་གཞུང་གིས་བསྐྱར་དུ་ལོ་དགུའི་བཙོན་འཇུག་ཁྲིམས་ཐག་བཅད་ནས་བསྡོམས་པའི་ལོ་༣༣ རིང་བཙོན་འོག་ཏུ་འདུག་དགོས་བྱུང་།

༡༩༩༢ ལོར་བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་པ་དང་། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་། བོད་རང་བཙན་ལས་འགུལ་ནང་མཉམ་ཞུགས་གནང་། སི་པན་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཁོང་དང་ལས་རོགས་ཁག་ཅིག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་ར་སྤྲོད་གནང་། རྒྱ་ནག་གི་དཔོན་རིགས་ལེ་ཕིན་དང་ཅང་ཙི་མིན་སོགས་བོད་གསོད་མཁན་གྱི་ལག་དམར་ཡིན་པའི་ཁྲིམས་གཏུག་ལས་འགུལ་སྤེལ།

རྒྱ་ནག་གིས་བོད་ལ་དབང་བསྒྱུར་དང་ཁོང་གི་མི་ཚེའི་སྐོར་དང་འབྲེལ་བའི་ལོ་རྒྱུས་དེབ་The Autobiography of a Tibetan Monk ཅེས་པ་བོད་རིག་པའི་མཁས་དབང་ཚེ་རིང་ཤཀྱཱ་དང་མཉམ་འབྲེལ་ཀྱིས་བརྩམས་པ་དང་། ད་ལྟའི་ཆར་དཔེ་དེབ་དེ་རྒྱ་ཡིག་དང་། ཧྥ་རན་སི། འཇར་མན་སོགས་སྐད་ཡིག་༢༠ ལྷག་གི་ནང་བསྒྱུར་ཚར་ཡོད་པ་མ་ཟད། དེབ་དེ་ཧ་ཅང་བྲིན་པོ་བྱུང་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share this:
༤༠༣ ཀློག་གྲངས།