ཧྥ་རན་སི་གཞུང་གིས་མི་མང་ཁ་ལ་ཉན་དགོས་ཁེལ་འདུག

ཧྥ་རན་སི་གཞུང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་ཆེད་དང་གཞུང་གི་སྔོན་རྩིས་འགྲོ་གྲོན་ལ་ཕན་ཆེད། རླངས་འཁོར་གྱི་སྣུམ་རིན་ཐོག་དཔྱ་ཁྲལ་སྤར་རྒྱུའི་འཆར་གཞིར། བདུན་ཕྲག་གསུམ་རིང་མི་མང་གིས་དྲག་པོའི་ངོ་རྒོལ་བྱས་རྐྱེན། འཆར་གཞི་དེ་ཟླ་བ་དྲུག་རིང་ཕྱིར་འཐེན་བྱས་འདུག

གནད་དོན་དེ་ལ་བརྟེན་ནས་རྒྱལ་ཁབ་གཞན་ནང་ས་སྣུམ་དང་རྡོ་སྣུམ་སོགས་ཀྱི་དཔྱ་ཁྲལ་སྤར་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་བྱེད་པའི་འཆར་གཞི་ལག་བསྟར་བྱེད་དགོས་མིན་དང་། ཡང་ན་མི་མང་གི་འོས་ཤོག་ལ་བསམ་བློ་གཏོང་དགོས་མིན་གྱི་གནས་སྟངས་ཁག་པོ་ཆགས་ཡོད་འདུག

ཟླ་༡༢ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་སྲིད་བློན་ཨི་ཌོར་ཌི་ཧྥི་ལི་པཱི་ཡིས། མི་མང་གི་ཁོང་ཁྲོ་གོ་མ་བྱུང་དང་མཐོང་མ་བྱུང་ཟེར་མཁན་རྣམས་ནི་ཞར་བ་དང་འོན་པ་ཡིན་དགོས་སྐོར་བརྗོད་ནས། ཕྱི་ལོ་༢༠༡༩ ལོའི་ཟླ་༡ པོའི་ཚེས་༡ ཉིན་ནས་རླངས་འཁོར་གྱི་སྣུམ་རིགས་ཐོག་དཔྱ་ཁྲལ་སྤར་ནས་རིན་གོང་སྤར་རྒྱུའི་འཆར་གཞི་ཟླ་བ་དྲུག་རིང་ཕྱིར་འཐེན་བྱ་རྒྱུ་དང་། དེ་བཞིན་འདི་ལོའི་དགུན་ཁའི་རིང་གློག་སོགས་ཀྱི་རིན་གོང་སྤར་རྒྱུའི་འཆར་གཞི་དང་། རླངས་འཁོར་གྱི་དུག་རླངས་ཕྱིར་འདོན་ཚད་གཞི་བརྟག་དཔྱད་ཀྱི་ཁྲིམས་སྒྲིག་དམ་དུ་གཏོང་འཆར་སོགས་ཕྱིར་འཐེན་བྱས་ནས། དུས་སྐབས་དེའི་རིང་རྒྱལ་ནང་དུ་གནད་དོན་དེ་དག་སེལ་ཆེད་དུ་ཐབས་ལམ་ག་རེ་ལ་བརྟེན་དགོས་མིན་ཐད་གོ་བསྡུར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཧྥ་རན་སིའི་གཞུང་འཛིན་ཚོགས་པའི་སྲིད་འཛིན་མཱེར་ཁོན་གྱིས། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་ཡོང་འབབ་དམའ་བའི་མི་མང་གི་གླ་ཆ་སྤར་རྒྱུའི་ཁས་ལེན་ཐོག སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་ཀྱང་། ད་བར་ཕྱུག་བདག་རྣམས་ཕྱུག་ཏུ་ཕྱིན་ཡོད་པ་ལས། ཡོང་འབབ་དམའ་བའི་མི་མང་རྣམས་ཀྱི་འཚོ་བའི་རིན་གོང་ཆེ་རུ་དང་། གླ་ཆ་འཕར་མེད་ཁར། ལོ་རེ་ནས་རླངས་འཁོར་གྱི་སྣུམ་རིན་ཆེ་རུ་འགྲོ་བཞིན་ཡོད་པའི་དཀའ་ངལ་ཡོད་རྐྱེན། མི་མང་ཁྲོད་དུ་ཁོང་ནི་ཕྱུག་པོའི་སྲིད་འཛིན་ཡིན་པའི་ཚོར་སྣང་ཆེན་པོ་ཡོད་འདུག མི་མང་དཀྱུས་མའི་ནང་ཁོང་གི་གཞུང་དང་དེའི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་པའི་ཐོག ཁོང་གིས་ཕྱི་ལོ་༢༠༡༩ ལོའི་ཟླ་༡ པོའི་ཚེས་༡ ཉིན་ནས་རླངས་འཁོར་གྱི་སྣུམ་རིན་ཐོག་གི་དཔྱ་ཁྲལ་སྤར་རྒྱུའི་འཆར་གཞི་འཐེན་ཡོད་པས། འདས་པའི་བདུན་ཕྲག་གསུམ་རིང་སྟོད་གོས་སེར་པོ་གྱོན་མཁན་མི་མང་སྟོང་ཕྲག་མང་པོས། རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་ནང་དུ་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་པ་དང་། ངོ་རྒོལ་དེ་དག་ཁྲོད་དུ་སྤྱི་དམངས་ཁོར་ཡུག་ལ་གཏོར་སྐྱོན་དང་། ཚོང་ཁང་མང་པོ་གཏོར་སྐྱོན་གྱིས་ཅ་དངོས་འཕྲོག་བཅོམ་བྱས་པ། རླངས་འཁོར་མང་པོར་མེར་བརྒྱབ་སོགས་བྱས་འདུག ད་བར་ངོ་རྒོལ་དེ་དག་ཁྲོད་མི་༤ ཡི་ཚེ་སྲོག་ཤོར་ཡོད་ཁར། མི་མང་པོར་རྨས་སྐྱོན་ཡང་མང་པོར་ཕོག་འདུག

ཧྥ་རན་སིའི་སྲིད་འཛིན་གྱིས་རླངས་འཁོར་གྱི་སྣུམ་རིགས་ཐོག་གི་དཔྱ་ཁྲལ་སྤར་དགོས་པའི་རྒྱུ་མཚན་ནི། ཧྥ་རན་སི་གཞུང་གི་སྔོན་རྩིས་འགྲོ་གྲོན་མི་འདང་བའི་གནས་སྟངས་ལ་ཕན་ཆེད་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་ཆེད་དུ་ཡིན་སྐོར་བརྗོད་ཡོད་ཀྱང་། ཡོང་འབབ་དམའ་བའི་མི་མང་རྣམས་གྲོང་གསེབ་ཁག་ནས་གྲོང་ཁྱེར་ཁག་ཏུ། ལས་ཀ་བྱེད་པར་རླངས་འཁོར་ནང་ཡོང་གི་ཡོད་པས། སྲིད་འཛིན་ཁོང་གིས་མི་མང་དཀྱུས་མའི་དཀའ་ངལ་ཚོར་ཐུབ་ཀྱི་མེད་པར་ངོས་འཛིན་བྱེད་མཁན་མང་པོ་བྱུང་ནས། ངོ་རྒོལ་ཁྱབ་ཆེན་བྱས་འདུག

ཧྥ་རན་སིའི་ངོ་རྒོལ་བ་རྣམས་ཀྱིས་སྟོད་གོས་སེར་པོ་གྱོན་ཡོད་པས། རྒྱལ་སྤྱིའི་ནང་ཁོ་ཚོའི་ངོ་རྒོལ་ལ་སྟོད་གོས་སེར་པོའི་ངོ་རྒོལ་ཞེས་བརྗོད་བཞིན་འདུག ངོ་རྒོལ་བ་རྣམས་ཀྱི་མགྲིན་ཚབ་པ་བྷེན་ཇ་མེན་གྱིས། གཞུང་གི་ཆག་ཡང་དེས་ཁོ་ཚོའི་འདོད་བློ་བསྐངས་མེད་པ་དང་། ལས་འགུལ་དེ་ནི་རླངས་འཁོར་གྱི་སྣུམ་རིགས་རིན་གོང་སྤར་རྒྱུའི་འཆར་གཞི་གཏན་དུ་ཕྱིར་འཐེན་བྱེད་ཆེད་ཡིན་པ་ལས། གནས་སྐབས་རིང་ཕྱིར་འཐེན་བྱེད་ཆེད་མིན། ཧྥ་རན་སིའི་མི་མང་ལ་ལོ་ངོ་༣༠ རིང་གི་གནས་སྟངས་དེ་འགྱུར་བ་གཏོང་བའི་མངོན་འདོད་ཡོད་པ་དང་། མི་མང་ནང་དུ་ཟླ་རེར་འགྲོ་གྲོན་མི་འདང་མཁན་ཡོད་པ་དང་། དེའི་ཐོག་དཔྱ་ཁྲལ་སྤར་བ་དང་སྤྱི་དམངས་ཞབས་ཞུའི་གནས་ཚད་ཞན་ཏུ་འགྲོ་བཞིན་ཡོད་པས། ཁོང་ཁྲོ་དང་ཡིད་ཐང་ཆད་ཀྱི་ཡོད་སྐོར་བརྗོད་འདུག

དཔྱ་ཁྲལ་སྤར་རྒྱུའི་འཆར་གཞི་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཀྱང་། མ་འོངས་པར་མི་མང་གི་འོས་ཤོག་ལ་བསམ་བློ་བཏང་ནས། གཞུང་གིས་ལག་བསྟར་གང་འདྲ་བྱེད་དགོས་མིན་ཐད་གཟབ་གཟབ་བྱེད་དགོས་པ་ཡིན་འདུག དེ་བཞིན་པཱེ་རི་སིར་རྒྱལ་ཁབ་བར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆོད་བཞག་པ་ལྟར། ཁོར་ཡུག་ལ་གནོད་པའི་ས་སྣུམ་སོགས་བཀོལ་སྤྱོད་ཉུང་དུ་གཏོང་བའི་ཐབས་ལམ་ཐད། རྒྱལ་སྤྱིའི་གཞུང་རྣམས་ཀྱིས་ཐབས་ཤེས་ལ་གཟབ་ནན་བྱེད་དགོས་པ་ཆགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༧༦ ཀློག་གྲངས།