ཆབ་སྲིད་ཚོགས་པ་མེད་པའི་མང་གཙོ་དང་མ་འོངས་ཁ་ཕྱོགས།

ཆོས་ཉིད་འོད་ཟེར།

རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་དང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་རྣམས་སྐྱབས་བཅོལ་དུ་ཡོང་ནས་ལོ་ངོ་ལྔ་བཅུ་ང་དགུ་འཁོར་ཟིན་ལ། ཐོག་མར་བཙན་བྱོལ་བོད་གཞུང་རྒྱ་གར་དུ་བཙུགས་པ་དང་། རིམ་པས་གཞུང་སྐྱོང་སྟངས་རྙིང་པ་ལ་སྒྱུར་བཅོས་རིམ་པ་བཏང་ནས། མང་གཙོའི་འགྲོས་དང་མཐུན་པའི་འོས་བསྡུའི་ལམ་ལུགས་ལག་བསྟར་བྱས། དེ་ཡང་ཐོག་མར་སྤྱི་འཐུས་ལྷན་ཚོགས་བཙུགས་ནས་དེའི་ཡོང་ཁོངས་ཆོལ་ཁ་དང་ཆོས་བརྒྱུད་གཞིར་བཞག་གིས་ཡོང་ཁོངས་སོ་སོར་སྤྱི་འཐུས་ལ་མང་ཉུང་མེད་པ་འདེམས་བསྐོས་བྱས། རྗེས་སུ་སྒྱུར་བཅོས་རིམ་སོང་ལྟར་ད་ལྟ་སྤྱི་འཐུས་ཀྱི་གྲངས་ཚད་མང་དུ་བཏང་བ་དང་། ཆོལ་ཁ་རེར་སྤྱི་འཐུས་བཅུ་རེ་དང་ཆོས་བརྒྱུད་རེར་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་ཡུ་རོབ་ཁུལ་ལ་སྤྱི་འཐུས་གཉིས་རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཁྲི་ལེ་ཡར་སྤྱི་འཐུས་གཅིག་བཅས་ལས་གྲུབ་ཡོད་ལ། སྲིད་སྐྱོང་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པ་རེད།

དམིགས་བསལ་སྲིད་དོན་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཀྱི་འོས་བསྡུ་འདིའི་སྐབས་ཆོལ་ཁོངས་སོ་སོའི་ཚོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག དེ་བཞིན་འོས་བསྡུའི་སྐབས་སུ་དང་བླངས་ངང་མཉམ་རུབ་ཀྱིས་འོས་མི་ངོ་སྤྲོད་བྱེད་མཁན་སོགས་སོ་སོས་རྒྱབ་སྐྱོར་ཡོད་སའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ངོ་སྤྲོད་ཁྱབ་བསྒྲགས་བྱས་ཏེ། འོས་བསྡུ་བྱེད་བཞིན་ཡོད་པ་རེད། བར་ལམ་ནས་མི་མང་ནང་འོས་བསྡུ་ལ་དོ་སྣང་ཤུགས་ཆེ་རུ་སོང་ནས་འོས་མི་སོ་སོར་རྒྱབ་སྐྱོར་ཚོགས་ཆུང་ཡང་མང་པོ་འཛུགས་ཀྱི་ཡོད་པ་རེད།

བཙན་བྱོལ་བོད་མིིའི་མང་གཙོ་འདི་གཞུང་ངོས་ནས་འདྲ་འདྲའི་ནང་ནས་མ་འདྲ་བའི་མང་གཙོ་ཡང་དག་པ་ཞིག་ཡིན་ཟེར་གྱི་ཡོད་ལ། དེ་མཚུངས་མང་གཙོ་ཚད་ལྡན་མིན་སྐོར་དང་། མང་གཙོའི་རང་དབང་ཡང་ཆ་ཚང་མེད་སྐོར་གྱི་སྐྱོན་བརྗོད་བྱེད་མཁན་ཡང་གང་མང་བྱུང་ཡོད་ལ། འོས་བསྡུ་རིམ་པའི་སྐབས་དང་ཆེས་མཐོའི་ཆབ་སྲིད་འགྲོ་སྟངས་ཐག་གཅོད་བྱེད་སྐབས་སུ་མང་གཙོའི་ལམ་ལུགས་ཀྱི་རང་དབང་ཆ་ཚང་མེད་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད།

སྲིད་དོན་ཚན་རིག་དང་རྒྱལ་སྤྱིའི་འབྲེལ་ལམ། རྒྱ་ནག་གི་ཆབ་སྲིད་སྐོར་ལ་སློབ་སྦྱོང་བྱས་པའིའབུམ་རམས་པ་ཚེ་རིང་སྟོབས་རྒྱལགྱིས། ༢༠༡༤ ལོར་“ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་དེ་མང་གཙོ་བཅོས་བསྒྱུར་གྱི་གནས་ཚད་ཅིག་རེད། མང་གཙོ་ཆ་ཚང་བ་དང་། ཚད་དང་ལྡན་པ་ཞིག་མ་རེད། ད་ལྟ་ང་ཚོར་འོས་བསྡུ་དང་མང་གཙོའི་ཀ་བ་གསུམ་ཡོད་པ་རེད། སྤྱིར་བཏང་མང་གཙོའི་ནང་མི་ཚང་མར་འོས་བསྡུའི་ནང་འཛུལ་རྒྱུའི་རང་དབང་དང་ཆ་རྐྱེན་ཡོད་དགོས་པ་རེད། འོས་བསྡུའི་ལས་འགུལ་སྤེལ་རྒྱུར་རང་དབང་འདྲ་མཚུངས་དང་། སོ་སོའི་ལྟ་བ་ལངས་ཕྱོགས་མི་མང་ལ་བཤད་ཆོག་པ། དེའི་ཆེད་དུ་འདུ་འཛོམས་དང་ཚོགས་པ་སྐྱིད་སྡུག་འཛུགས་རྒྱུ་སོགས་ཀྱི་རང་དབང་ཆ་ཚང་དགོས་རེད། ང་ཚོའི་མང་གཙོ་དེ་མང་གཙོ་བཅོས་བསྒྱུར་སྐབས་ཡིན་པས། དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད་”རེད་ཅེས་གསུངས་ཡོད་པ་རེད།

༢༠༡༨ ལོའི་ཕྱི་ཟླ་༩ ནང་གི་གྲོས་ཚོགས་ཐོག འོས་བསྡུའི་སྒྲིག་གཞིའི་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་༧ པ་བཟོ་བཅོས་སྐབས། “ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག འོན་ཀྱང་འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མི་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང་། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་མིན་རུང་། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས་”ཞེས་གཏན་འབེབས་བྱས་ཡོད་པ་རེད།

ཁྲིམས་སྒྲིག་འདིས་མང་གཙོའི་ལམ་ལུགས་ལ་དོ་ཕོག་བྱུང་བའི་བསམ་ཚུལ་འདོན་འཁན་ཡོང་གི་ཡོད་ལ། མ་འོངས་འོས་བསྡུའི་སྐབས་འོས་མིར་ལངས་མཁན་ཚོར་ལམ་ལུགས་གསལ་ཁ་མེད་པ་ཆགས་ཡོད།

༡ ཁྲིམས་སྒྲིག་ནང་སྲིད་དོན་ཚོགས་པ་ཡོང་ཆོག་མིན་ཁ་གསལ་མེད་ནའང་། མི་མང་མཉམ་འདུས་ཀྱིས་འོས་མི་འདོན་ཆོག་གི་མེད་ན། ཤུགས་ལ་སྲིད་དོན་ཚོགས་པ་ཡང་གཏན་འགོག་བྱས་པ་ལྟ་བུ་རེད། སྤྱིར་བཏང་བཙན་བྱོལ་ནང་སྲིད་དོན་ཚོགས་པའི་ལམ་ལུགས་ཀྱིས་གཞུང་སྐྱོང་སྟངས་བྱུང་མེད་ནའང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཐོག་མར་བཙུགས་དུསཀྱི་དམིགས་ཡུལ་སྲིད་དོན་ཚོགས་པའི་ངོ་བོར་བཙུགས་ཡོད་ལ། བཙན་བྱོལ་ནང་ངོས་འཛིན་ཡང་དེ་ལྟར་བྱས་ཡོད་པ་རེད། ཆོལ་ཁ་གསུམ་གྱིས་མཚོན་ཚོགས་པ་སྐྱིད་སྡུག་ཁག་གིས་འོས་བསྡུའི་ནང་ཐེ་ཇུས་བྱས་མ་ཆོག་ན་འགྲིག་མོད། མང་གཙོའི་ལམ་ལུགས་ལག་བསྟར་བྱས་ན། སྲིད་དོན་ཚོགས་པ་ཡོང་མི་ཆོག་པ་བཟོ་བ་དང་། མི་མང་མཉམ་འཛོམས་ཀྱིས་འོས་མི་ངོ་སྤྲོད་ཁྱབ་བསྒྲགས་མི་ཆོག་བཟོ་བ་ནི་མང་གཙོའི་ཁེ་དབང་མཉམ་འདུས་ཀྱི་བསམ་ཚུལ་བཏོན་མི་ཆོག་པ་བཟོས་པ་རེད། སྲིད་དོན་ཚོགས་པ་ནི་སྤྱིར་བཏང་གི་ཚོགས་པ་སྐྱིད་སྡུག་ཙམ་མིན་པར། ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་སྟངས་ལ་ལྟ་བ་ལངས་ཕྱོགས་གཅིག་མཚུངས་ཡོད་པའི་མཉམ་འདུས་ཀྱི་ཚོགས་པ་རེད། བོད་རྒྱལ་ཡོངས་ལྷན་ཚོགས་(TNC) ལྟ་བུ་ཡིན་ནའང་། བོད་རང་བཙན་འཐབ་རྩོད་ཀྱི་ལངས་ཕྱོགས་བཟུང་ནས་གཞུང་སྐྱོང་ཆེད་བཙུགས་པའི་སྲིད་དོན་ཚོགས་པ་ཞིག་རེད་ལ། ད་ལྟའི་ཆར་མི་གྲངས་མང་ཉུང་ལ་མ་ལྟོས་པར། ཕྱོགས་འགལ་ཚོགས་པའི་ངོ་བོར་གནས་ཡོད་རེད། མང་གཙོ་ཚོགས་པ་ཐོག་མར་འཛུགས་སྐབས། ༧གོང་ས་མཆོག་གིས་ “མ་འོངས་པར་བོད་འདི་དངོས་འབྲེལ་མང་གཙོ་མཚན་ཉིད་ཚང་ཞིང། ཡག་པོ་ཞིག་ཡོང་བའི་དོན་དུ་སྲིད་དོན་གྱི་ཚོགས་པ་འདྲ་མིན་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་རིང་ཁྱེད་རང་ཚོས་སྲིད་དོན་གྱི་ཚོགས་པ་ཞིག་བཙུགས་པ་འདིས། ཏན་ཏན་ང་ཚོའི་མ་འོངས་པའི་དམིགས་ཡུལ་རླབས་ཆེན་ཞིག་སྒྲུབ་པའི་ཐད་ལ་ཞབས་འདེགས་ངེས་ཅན་ཞིག་འགྲུབ་ངེས་རེད་དྲན་གྱི་འདུག་”ཅེས་བཀའ་སློབ་ལམ་སྟོན་གནང་། ཡ་མཚན་པ་ཞིག་ལ་གྲོས་ཚོགས་ནང་ནམ་རྒྱུན་༧གོང་ས་མཆོག་གི་བཀའ་སློབ་འོག་ཤར་བསྐྱོད་དགོས་ཟེར་ནས་མི་ལ་དགག་བཞག་བྱེདམཁན་ཚོས་ཀྱང་སྲིད་དོན་ཚོགས་པ་མི་དགོས་པ་ཤུགས་ཆེན་བཤད་པ་དང་། ཁྲིམས་འཆར་དེ་ཚད་མཐོའི་མང་མོས་ཀྱིས་ཐག་གཅོད་བྱས་ཡོད་པ་རེད། བཙན་བྱོལ་བོད་མིའི་ནང་གི་དཔོན་རིགས་ཚོ་བོད་རང་བཙན་བཤད་རྒྱུར་ཡང་ཞེད་སྣང་འཚེར་སྣང་འདྲ་ཧ་ཅང་ཆེ་ལ། བཤད་མཁན་ཚོར་དགག་པ་བྱེད་ཀྱི་རེད། བོད་རྒྱལ་ཡོངས་ལྷན་ཚོགས་ཀྱིས་སྐབས་སྔོན་མའི་སྲིད་སྐྱོང་འོས་མི་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཕྱི་གསལ་ནང་གསལ་འཛིན་མཁན་འོས་མི་བཏོན་པ་ལ་བརྟེན་ནས། ལམ་ལུགས་དེ་ཚོ་འགོག་ཐབས་ལ་དམིགས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཡང་ཡོང་ཡོད་སྲིད། ད་དུང་ཚོགས་སྐྱིད་ཁག་གིས་འོས་མི་བཏོན་ན་ཁྲིམས་འགལ་ཡིན་སྐོར་ཡང་གྲོས་ཚོགས་ནང་བསྒྲགས་སོང་ལ། ཁྲིམས་དེ་གཞི་གང་ལ་འཛིན་དགོས་དང་། མི་མང་མཉམ་འདུས་ཀྱིས་འོས་བསྡུའི་ལས་དོན་བྱས་པར་ཁྲིམས་འགལ་དུ་བརྩིས་ན། བཙན་བྱོལ་བོད་མི་སྤྱི་ཡོངས་ལ་ལས་དོན་བྱེད་ས་ཆེན་པོ་ཞིག་ལྷག་མེད།

ཆོལ་ཁ་ཆོས་བརྒྱུད་ཁག་ལ་བཙན་བྱོལ་ནང་མི་གྲངས་མང་ཉུང་ཡོད་མེད་ལ་མ་ལྟོས་པར། ཐོག་མར་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་སྤྱིའི་ཚབ་མཚོན་ཆེད་དུ་སྤྱི་འཐུས་ཡོང་ཁོངས་དང་གྲངས་ཀ་གཅིག་མཚུངས་བྱས་རེད། དེ་ཡང་ཚོགས་སྐྱིད་ཁག་མ་ཡིན་པའི་མང་གཙོ་ཚོགས་པ་དང་། དང་བླངས་འོས་མི་ངོ་སྤྲོད་ཚོགས་ཆུང་ཁག་གིས་འོས་བསྡུའི་སྐབས་སོ་སོར་ཆོལ་ཁའི་སྤྱི་འཐུས་འོས་མི་སོ་སོས་མོས་མཐུན་རྒྱབ་སྐྱོར་ཡོད་ས་དེ་ཚོ་གཅིག་མཚུངས་ཀྱིས་ངོ་སྤྲོད་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། མང་གཙོའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ན། རིམ་པས་མདུན་བསྐྱོད་བྱས་ཏེ། ད་ལྟའི་གྲོས་ཚོགས་ཀྱི་སྒྲོམ་གཞི་༧གོང་ས་མཆོག་གི་བཀའ་དགོངས་ཡིན་པས་འགྱུར་བ་མི་དགོས་པ་བྱས་ཆོག་ལ། དེར་ཆབ་སྲིད་ཚོགས་པ་སོ་སོའི་དམིགས་ཡུལ་དང་མཐུན་པའི་འོས་མི་སྤྱི་འཐུས་ཡོང་ཁོངས་ཚང་མ་ནས་འོས་ལངས་པ་དང་རྒྱབ་སྐྱོར་བ་གཉིས་ཀ་ཕྱི་ལ་ཐོན་ནས། སྤྱི་འཐུས་ལྷན་ཚོགས་ནང་སུའི་ཕྱོགས་མང་བ་ཐོབ་ན་དེའི་ཕྱོགས་ཀྱི་ཆབ་སྲིད་ལྟ་བ་ལངས་ཕྱོགས་ལྟར་གཞུང་སྐྱོང་རྒྱུ་དང་བསྒྱུར་བཅོས་དགོས་རིགས་ལག་བསྟར་ཡོང་ཐབས་སུ་འབད་བརྩོན་བྱས་ན། མང་གཙོའི་ལམ་ལུགས་ལ་ཡང་ཐག་ཇེ་ཉེ་དང་མི་མང་གི་འགན་ཁུར་ཡང་ཤུགས་ཆེ་རུ་འགྲོ་རེད།

༢ འོས་བསྡུའི་སྐབས་བསམ་ཚུལ་ཕྱོགས་བསྡུའི་ཐོག་ནས་འོས་མི་ངོ་སྤྲོད་བྱེད་ས་མེད་ན། སྒེར་ངོས་ནས་འོས་མིར་ལངས་མཁན་ཧ་ཅང་མང་པོ་ཡོད་པས། མི་མང་དཀྱུས་མ་དུས་རྒྱུན་དོ་སྣང་མེད་མཁན་དང་། ཡང་ན་ནུས་པས་མ་འདངས་མཁན་གང་མང་ཡོད། ཚོགས་སྡེ་སོ་སོས་དྲག་འདེམས་བྱས་པ་ཕྱོགས་བསྡུས་མེད་པས། ཁོང་ཚོས་འདེམས་སྒྲིག་མ་ཤེས་པར་ས་གནས་འགོ་འཛིན་དང་ས་གནས་ཀྱི་དཔོན་རིགས་ཚོར་འོས་མི་སུ་འདེམས་ན་ཡག་མིན་ལ་སྐད་ཆ་དྲིས་ནས་འོས་འཕེན་དགོས་འབྱུང་མི་སྲིད་པ་ཡང་མ་རེད།

༣ ད་ལྟའི་ཁྲིམས་སྒྲིག་འདིའི་འོག་ཁྱབ་བསྒྲགས་ཀྱི་བཟང་ཕྱོགས་ནུས་པ་དང་ཟློག་ཕྱོགས་ཀྱི་ནུས་པ་གཉིས་ཀ་ཡོང་ཉེན་འདུག སྔོན་མ་ཡིན་ན་ཚོགས་པ་ཁག་དང་འོས་མི་ངོ་སྤྲོད་དང་བླངས་རུ་ཁག་གམ་ཚོགས་ཆུང་ཁག་གིས་འོས་མི་ཁྱབ་བསྒྲགས་སྦྱར་ཡིག་འདྲ་མིན་དང་། བགྲོ་གླེང་གོ་སྒྲིག་སོགས་དོ་བདག་ཡོད་པའི་ཐོག་ནས་བྱེད་ཀྱི་ཡོད་པས། འོས་མི་འདོན་མཁན་དང་འོས་མི་གཉིས་ཀར་བརྟག་ཞིབ་བྱས་ནས་འོས་འཕེན་ཆོག་རེད་ལ། འདེམས་ཀ་ཡང་ཡག་པ་ཡོང་གི་རེད། ད་ལྟ་ཕྱོགས་བསྒྲིགས་ཀྱི་འོས་མི་དོ་བདག་ཡོད་པའི་ཐོག་ནས་ཁྱབ་སྤེལ་བྱེད་མི་ཆོག་པས། འོས་ཤོག་ཁ་འཐོར་ཡང་སྔར་ལས་འགྲོ་ཉེན་ཆེ། དེ་བཞིན་མི་ཁག་ཅིག་གིས་དོ་བདག་དངོས་སུ་མེད་པར་འོས་མི་ངོ་སྤྲོད་ཚོགས་ཆུང་ཡིན་ཟེར་ནས་མིང་འདྲ་མིན་ཐོག་ནས་འོས་མི་ཁྱབ་བསྒྲགས་བྱས་ན། དོ་བདག་མེད་པའི་ཡིག་ཆ་ཁག་ལ་ཉེས་པ་ག་འདྲ་གཏོང་དགོས་རེད། དེའི་རིགས་མི་མང་ནང་ཁྱབ་སྤེལ་སོང་ན། དོ་སྣང་ནུས་པ་ཡོང་ངེས་རེད།

གལ་སྲིད་དེའི་རིགས་ཁྲིམས་འགལ་ཡིན་པར་འོས་མི་དེར་གླེང་ཕྱོགས་སླེབས་ནས་འོས་གྲངས་ཉུང་དུ་འགྲོ་ཉེན་འདུག་བསམ་ན། སོ་སོར་ཐོབ་མི་དགོས་པའི་འོས་མི་ཚོ་མཉམ་སྦྱར་གྱིས་འོས་མི་ངོ་སྤྲོད་ཚོགས་ཆུང་གི་མིང་འདྲ་མིན་ཐོག་ཁྱབ་སྤེལ་བྱས་ན། གླེང་རྙོག་མང་དུ་དང་འོས་ལངས་པར་གནོན་སྐྱོན་གླེང་ཕྱོགས་འདྲ་མིན་ཡོང་གི་རེད། ཡིག་འཁྱམ་རེད་ཅེས་སྣང་མེད་གཏོང་གི་ཡིན་ཟེར་ན་སྟབས་བདེ་མོད། གང་ལྟར་འོས་མིར་བཟང་ངན་གཉིས་ནས་ཤུགས་རྐྱེན་ཐེབས་ཀྱི་རེད་ལ། ད་དུང་འོས་ལངས་པའི་ཁྱབ་བསྒྲགས་འདྲ་མིན་ག་ཚོད་བྱས་ཀྱང་། འགྲོ་སོང་གང་ནས་ཡོང་དང་ག་ཚོད་བཏང་ཡང་ཁ་གསལ་མེད་པ་ཆགས་ཀྱི་རེད། དེ་ལས་ཕྱི་གསལ་ནང་གསལ་གྱིས་ཚོགས་པ་སྒྲིག་འཛུགས་ཀྱི་མིང་ཐོག་ནས་འོས་མི་འདོན་གྱི་ཡོད་ན། ཡིག་འཁྱམ་ལ་གཞི་བཟུང་ནས་འོས་འཕེན་དགོས་དོན་མེད་ལ། གླེང་རྙོག་ཀྱང་ཡོང་གི་མ་རེད།

ཚོགས་སྡེ་ཁག་དང་གསར་ཁང་སོགས་ཀྱིས་སྤྱི་འཐུས་དང་སྲིད་སྐྱོང་འོས་མིའི་བར་བགྲོ་གླེང་གོ་སྒྲིག་བྱས་ན། དམིགས་བསལ་སྔོན་འགྲོའི་སྐབས་སྤྱི་འཐུས་འོས་མིར་ལངས་ཡོད་ཚད་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་བསྐྲུན་ཐབས་ཧ་ཅང་དཀའ་ལ། སྐད་ཆ་བཤད་སར་ཡོང་འདོད་མེད་མཁན་ཡང་ཡོད་ཀྱི་རེད། བགྲོ་གླེང་ཐོག་ཡོང་མཁན་ཚོ་ཁྱབ་བསྒྲགས་ཆེད་ཚོགས་སྡེ་ག་གེ་མོས་རྒྱབ་སྐྱོར་བྱས་ཡོད་པའི་གླེང་གཞི་ཡོང་གི་རེད་ལ། དེ་ལྟར་གོ་སྐབས་ལེན་མཁན་ཡང་ཡོང་སྲིད་པ་རེད། དེ་ནས་དམིགས་བསལ་སྤྱི་འཐུས་འོས་མི་རེས་སོ་སོར་སྐད་ཆ་བཤད་ས་རེ་བཙལ་དགོས་ན་དུས་ཚོད་དང་ཁོར་ཡུག་གཉིས་ཀས་འདང་ཐབས་མེད་ལ། དོ་སྣང་བྱེད་མཁན་ཡང་ཁག་པོ་རེད།

༤ སྔོན་མ་སྲིད་སྐྱོང་འོས་བསྡུའི་སྐབས་ཚོགས་པ་ཁག་གིས་སོ་སོའི་འདོད་མོས་ལྟར་འོས་མི་གང་རུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་ལ། སྲིད་སྐྱོང་འོས་མི་སོ་སོར་རྒྱབ་སྐྱོར་ཚོགས་ཆུང་བཙུགས་ནས། རྒྱབ་སྐྱོར་ཚོགས་ཆུང་རེ་ཟུང་འོས་ཐེངས་གཅིག་ཚར་ཡང་ཐེངས་རྗེས་མར་བསྐྱར་དུ་འཛོམས་ནས་ཚོགས་པ་ལྟ་བུ་ཆགས་ཡོད་རེད། རྒྱབ་སྐྱོར་ཚོགས་ཆུང་གིས་འོས་ཐོབ་ཆེད་འགྲོ་སོང་ག་ཚོད་བཏང་ཡོད་ཀྱང་རྩིས་ཁྲ་ཉར་ཡོད་པས། འོས་མི་གང་རུང་གི་འོས་བསྡུའི་ཆེད་དངུལ་གྱི་ཡོང་ཁུངས་དང་། འགྲོ་སོང་ཡང་ཚགས་ཚུད་ཡོང་རྒྱུར་ཕན་གྱི་རེད། དངུལ་གྱི་འགྲོ་སོང་གཏོང་ཕྱོགས་ལ་གླེང་གཞི་ཡོད་པ་མ་ཟད། སྐབས་སྔོན་མ་འོས་བསྡུ་ལས་ཁང་ནས་འགྲོ་སོང་ཚད་གཞི་བཟུང་ཡོད་ལ། རྩིས་ཁྲ་ཡང་འོས་བསྡུ་ལས་ཁང་སུ་ཕུལ་དགོས་རེད། དེའི་རིགས་ལ་རྙོག་གྲ་ཡོད་ན་ད་ལྟ་མི་གཅིག་གིས་ག་རེ་བྱས་བྱས་ཆགས་ཟིན་རེད།

འོས་མི་གཅིག་དང་རྒྱབ་སྐྱོར་བ་མི་སྣ་ཁག་ཅིག་མཉམ་འཛོམས་ཀྱིས་གྲོས་བསྡུར་བྱས་པ་དང་། སྦྱར་ཡིག་ཁྱབ་བསྒྲགས། ས་གནས་སོ་སོར་འབྲེལ་གཏུག་བྱས་པ་སོགས་ཡོང་ངེས་པས། དེ་ཡང་མངོན་གསལ་མེད་པའི་ཚོགས་པ་ཞིག་ཆགས་བསྡད་ཡོད་རེད་ལ། གསང་བའི་ཚོགས་པ་བཙུགས་འདུག་ཟེར་ནས་ཉེས་འགལ་བྱེད་རེས་བྱས་ན་སུས་འགན་ཁུར་དང་ཐག་གཅོད་བྱེད་ཀྱི་རེད། སྐབས་སྔོན་མའི་འོས་བསྡུའི་སྐབས་གནས་ཚུལ་བྱུང་བ་ལྟར་ཚོགས་སྡེ་སྒྲིག་འཛུགས་རེ་ཟུང་གིས་སྲིད་སྐྱོང་འོས་མིར་གཏམ་བཤད་བྱེད་ས་ཚོགས་ཁང་གཡར་ས་དང་མ་གཡར་ས་གཉིས་ཀ་བྱུང་ཡོད་པས། ཚོགས་སྡེ་དེ་འོས་མི་ཚོགས་ཁང་གཡར་ས་དེའི་རྒྱབ་སྐྱོར་བ་ཡིན་པར་ངོས་འཛིན་བྱས་ན། ཐག་གཅོད་ག་འདྲ་ཡོང་གི་རེད། ཁྲིམས་སྒྲིག་ནང་ལྟར་ཉེས་པ་གཏོང་ཐུབ་ཀྱི་རེད་དམ། གང་ལྟར་མང་གཙོའི་སྤྱི་ཚོགས་ནང་ཚོགས་པ་དང་མི་མང་མཉམ་རུབ་ཀྱིས་ལས་དོན་བྱེད་དགོས་པ་ལས། མི་གཅིག་ཁེར་རྒྱུག་དང་། སྒེར་གཅིག་གིས་ཚང་མ་ཐག་གཅོད་བྱེད་ཐབས་མེད་པས། འོས་བསྡུའི་སྐབས་ཚོགས་པ་ཡོང་ངེས་རེད་ལ། ཡོང་དགོས་པ་ཞིག་ཀྱང་རེད། མཉམ་རུབ་ཀྱིས་ཁྱབ་བསྒྲགས་བྱས་ན་ཡག་པ་ལས་རྒྱབ་སྐྱོར་བ་མི་རེས་ཁྱབ་བསྒྲགས་རེ་རེ་བཟོས་ནས་བཀྲམ་ཐུབ་ཀྱི་མ་རེད་ལ། འགྲོ་སོང་ཡང་འཐོལ་པ་ཆགས་ཀྱི་ཡོད་པ་མ་ཟད། མཉམ་འདུས་ཀྱི་སྐུ་ཚབ་མེད་ན་མི་རེས་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ས་གང་ནས་རག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་ཤོག་ཅིག་འཕེན་རྒྱུ་ཡོད་པ་ཙམ་ལས། ད་དུང་མང་གཙོ་ཡག་པོ་ཞིག་ཆགས་མེད་ལ། མུ་མཐུད་འདི་ལྟར་སོང་ན་མི་མང་འདུ་འཛོམས་དང་བསམ་ཚུལ་མཉམ་སྤུངས་ཀྱི་ནུས་ཤུགས་ལ་ཕོག་ཐུག་འགྲོ་ཡི་ཡོད་པ་རེད། སྤྱིར་བཏང་འོས་ཤོག་འཕེན་རྒྱུ་ཡོད་པ་ཙམ་གྱིས་མང་གཙོ་མཚོན་མི་ཐུབ་ལ། མི་མང་ནང་བསམ་བློའི་རང་དབང་ཡོད་པ་ཡང་མཚོན་ཐུབ་ཀྱི་མ་རེད།།

 

Share this:
༨༤༡ ཀློག་གྲངས།