ཊོམ་གྱིས་ཀེམ་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག

ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་བརྗོད་དོན་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོར་ཨན་དང་ལོ་རྗེས་མར་ཐུག་འཕྲད་བྱེད་འཆར་ཡོད་པ་རེད་འདུག དེ་ཡང་བྱང་ཀོ་རི་ཡའི་དེ་སྔོན་བྱས་པ་ལྟར། རྡུལ་མཚོན་རྩ་མེད་ཀྱི་ལས་གཞི་ལག་བསྟར་བྱས་མེད་ཀྱང་། སྲིད་འཛིན་ཊོམ་གྱིས་ཕྱོགས་གཉིས་བར་གྱི་ཐུག་འཕྲད་གཉིས་པ་དེས་ནུས་པ་ཐོན་སྲིད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་བསམ་གྱི་ཡོད་སྐོར་བརྗོད་འདུག

ཟླ་༡༢ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ནིའུ་ཡོག་དུས་བབ་སྟེང་དུ་གནས་ཚུལ་བཀོད་གསལ། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་བྷོལ་ཊོན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་ལོ་རྗེས་མའི་ཟླ་དང་པོ་དང་གཉིས་པ་གཉིས་ཀྱི་ནང་དུ། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་དང་ཐུག་འཕྲད་ཐེངས་གཉིས་པ་ཞིག་བྱེད་སྲིད་པ་དང་། ད་བར་བྱང་ཀོ་རི་ཡ་ངོས་ནས་དེ་སྔོན་ཟླ་༦ པའི་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཕྱོགས་གཉིས་བར་གྱི་ཐུག་འཕྲད་དང་པོའི་སྐབས། ཁས་ལེན་བྱས་པའི་གནད་དོན་རྣམས་ལག་བསྟར་བྱས་མེད་པས། ཊོམ་གྱིས་ཐུག་འཕྲད་ཐེངས་གཉིས་པ་དེས་ནུས་པ་ཐོན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་བསམ་གྱི་ཡོད་པ་དང་། ཐུག་འཕྲད་ཀྱི་དུས་ཚོད་དེ་ཡང་ཀེམ་ཇོང་ཨན་དང་བསྟུན་དགོས་པ་ཡིན་སྐོར་བརྗོད་འདུག

སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་ལོ་གཅིག་ལས་མང་བའི་རིང་། རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་དང་རྡུལ་མཚོན་གྱི་ནུས་པ་ཚོད་ལྟ་བྱས་མེད་པས། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་བཟང་ཕྱོགས་ཀྱི་རྣམ་པ་སྟོན་བཞིན་སྐོར་བརྗོད་ཀྱི་ཡོད་ཀྱང་། ཨ་རིའི་ཕོ་བྲང་དཀར་པོའི་ནང་གི་མཐོ་རིམ་འགོ་ཁྲིད་དང་དེ་བཞིན་དཔྱད་བརྗོད་པ་མང་པོ་ཞིག་གིས། བྱང་ཀོ་རི་ཡས་ཁ་ཞེ་གཉིས་མེད་ཐོག་ནས་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་བཅང་ཡོད་མེད་ལ་ཐེ་ཚོམས་བྱེད་ཀྱི་ཡོད་པ་རེད། འདི་ལོའི་ཟླ་༦ པའི་ནང་སེང་གྷ་པུར་དུ་ཐེངས་དང་པོར་ཨ་རིའི་སྲིད་འཛིན་ལས་ཁུར་བ་ཞིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཅིག་བར་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་བྱས་ཏེ། གནད་དོན་ཁག་ཅིག་ཁས་ལེན་བྱས་ཡོད་པ་དང་། དེའི་རྗེས་སུ་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་མཇུག་སྐྱོང་གི་ལས་གཞི་སྤེལ་ཆེད་དུ། བྱང་ཀོ་རི་ཡར་རྡུལ་མཚོན་ག་ཚོད་ཡོད་པའི་གྲངས་ཐོ་དང་། དེ་དག་འཇོག་ཡུལ་གྱི་ས་ཚིགས་སོགས་ཀྱི་གྲངས་ཐོ་མཁོ་སྤྲོད་བྱེད་དགོས་སྐོར་བརྗོད་སྐབས། བྱང་ཀོ་རི་ཡས་ཁས་ལེན་མ་བྱས་ཏེ། གྲངས་ཐོ་དེ་རིགས་སྤྲད་ཚེ། མ་འོངས་པར་ཨ་རིས་བྱང་ཀོ་རི་ཡར་དྲག་རྒོལ་བྱེད་རྒྱུ་ཐག་གཅོད་བྱས་ཚེ་དམིགས་འབེན་བྱེད་ཡུལ་ཆགས་རྒྱུ་ཡིན་སྐོར་བརྗོད་ནས། དེ་ལས་ཨ་རིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་དེ་གཏན་དུ་མཚམས་འཇོག་བྱས་པའི་གཞུང་འབྲེལ་བསྒྲགས་ཡིག་ཐོག་མིང་རྟགས་བཀོད་རྒྱུར། སྲིད་འཛིན་ཊོམ་གྱིས་ཐུག་འཕྲད་ཐེངས་དང་པོར་ཁས་ལེན་བྱས་པ་ལྟར་ལག་བསྟར་བྱེད་དགོས་སྐོར་བརྗོད་ཡོད་འདུག་པས། ཟླ་བ་སྔོན་མར་ཨ་རིའི་སྲིད་འཛིན་གཞོན་པ་མེག་པེན་སཱེ་ཡིས། བྱང་ཀོ་རི་ཡས་ཨ་བྱང་གཉིས་ཀྱི་འགོ་ཁྲིད་བར་གྱི་ཐུག་འཕྲད་གཉིས་པ་དེའི་སྔོན་དུ། རྡུལ་མཚོན་དང་ས་ཚོགས་ཁག་གི་ཐོ་གྲངས་མཁོ་སྤྲོད་བྱེད་མི་དགོས་པའི་བརྡ་སྤྲད་ཡོད་འདུག

ཕྱི་ལོ་༢༠༡༧ ལོའི་ཟླ་བ་༩ པ་ནས་བཟུང་ད་བར་། བྱང་ཀོ་རི་ཡས་རྡུལ་མཚོན་ཚོད་ལྟ་བྱས་མེད་ཀྱང་། ཨ་རིའི་ཆེད་ལས་པ་ཁག་ཅིག་གིས་རྒྱལ་ཁབ་དེས་རྡུལ་མཚོན་ལ་མཁོ་བའི་རྫས་མུ་མཐུད་བཟོ་སྐྲུན་བྱེད་བཞིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག བྱང་ཀོ་རི་ཡར་རྡུལ་མཚོན་༣༠ ནས་༦༠ བར་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ཁར། རྡུལ་མཚོན་དེ་དག་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ། ཨ་རི་ལ་སྙོབ་ཐུབ་པ་ཞིག་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་བརྟེན་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས། འཛམ་གླིང་སྤྱི་དང་ལྷག་པར་དུ་ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་ཞི་བདེར་ཉེན་ཁ་ཡོད་ཚུལ་བརྗོད་ནས། རྡུལ་མཚོན་རྩ་མེད་གཏོང་བའི་གནོན་ཤུགས་སྤྲོད་ཆེད་དུ། དཔལ་འབྱོར་གྱི་ཉེས་ཆད་བསྟུད་མར་བཏང་ཡོད་པ་རེད་དེ། བྱང་ཀོ་རི་ཡའི་ལས་གཞི་དེ་མུ་མཐུད་འབད་བརྩོན་བྱས་ཏེ། མཐའ་མར་ཨ་རི་ལ་སྙོབ་ཐུབ་པའི་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་ཏེ་གྲུབ་འབྲས་ཐོན་ཡོད་པའི་གནས་ཚུལ་ཐོན་པ་རེད། ད་ལྟའི་ཆར་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་རྣམ་པ་ཐོན་བཞིན་པ་དང་། ཨ་བྱང་གཉིས་བར་དེ་སྔོན་ལྟར་ཚིག་མཚོན་འཕེན་རེས་བྱེད་ཀྱི་མེད་པ་རེད་དེ། མ་འོངས་པར་འབྲེལ་ལམ་དེ་དག་ཁ་ཕྱོགས་གང་དུ་འགྲོ་མིན་ཚོད་དཔག་བྱེད་དཀའ་བ་ཡིན་པ་མ་ཟད། དཔྱད་བརྗོད་པ་ཁག་ཅིག་གིས། ཀེམ་ཇོང་ཨན་གྱིས་ལྷོ་ཀོ་རི་ཡ་དང་ཨ་རིའི་འགོ་ཁྲིད་ཐུག་འཕྲད་བྱས་པ་དེ་དག་ནི། སྒེར་གྱི་མཐོང་ཆེ་རུ་གཏོང་བ་དང་། དུས་ཚོད་འདའ་བ་བྱེད་ཆེད་ཡིན་པ་ལས། ལོ་མང་རིང་དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཐོན་པའི་རྡུལ་མཚོན་རྣམས་རྩ་མེད་བཟོ་མི་སྲིད་སྐོར་བརྗོད་མཁན་ཡང་ཡོད་པ་རེད་ལ། དེ་སྔོན་ཀེམ་ཇོང་ཨན་གྱིས་ཀྱང་རྡུལ་མཚོན་དེ་དག་འཛམ་གླིང་གི་ཞི་བདེར་གནོད་སྐྱོན་གཏོང་བྱེད་མིན་པར། རྒྱལ་ཁབ་གཞན་གྱི་བཙན་འཛུལ་སོགས་མི་ཡོང་ཆེད་ཀྱི་ལག་ཆ་ཞིག་ཡིན་སྐོར་བརྗོད་མྱོང་བ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༥༣༥ ཀློག་གྲངས།