གཉེན་ལ་ཚེར་མ་ལས་རྩུབ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༨   ཕྱི་ལོ་ ༢༠༡༨/༡༢ /༥

སྤྱིར་མིའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་རྩོད་རྙོག་དང་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ཡོད་པ་ནི་ཆོས་ཉིད་ཡིན་པས་བཟློག་ཐབས་གཏན་ནས་མེད། དེར་བརྟེན་སྤྱི་ཚོགས་ནང་གནས་ཚུལ་སྣ་ཚོགས་ཤིག་ཡོད་པར་ཧ་ལས་དགོས་པ་ཞིག་མིན་ནའང་། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་འདས་པའི་ལོ་རྒྱུས་ནང་རྩོད་རྙོག་ཆུང་ཙག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་གསུམ་བཞི་ཙམ་གྱི་རིང་གི་རྩོད་རྙོག་ལ་བལྟས་ན་ཕྱོགས་ཡོངས་ནས་ཉེན་ཁ་ཆེན་པོ་ཡོད་པ་ལྟ་བུའི་མངོན་རྟགས་གསལ་པོར་གྱུར་ཡོད། གནད་དོན་འདི་ལྟ་བུ་བྱུང་བའི་གནས་ཚུལ་གྱི་རྒྱབ་ལྗོངས་ལ་བལྟས་ན་རྒྱུ་མཚན་ཆེན་པོ་གང་ཡང་མེད་པར། ཕྱོགས་ཞེན་ཁོ་ན་ལས་བོད་ཀྱི་རྩ་དོན་དང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཞེས་པ་དེ་ཚོ་དུས་རྒྱུན་ཁ་ནས་བཤད་པ་ཙམ་ལས་དོན་དངོས་ལག་བསྟར་བྱེད་མཁན་ཞིག་ཕལ་ཆེར་དཀོན་ཚོད་དུ་སྣང་། འོན་ཀྱང་ཚང་མས་ཁ་ནས་༧གོང་ས་མཆོག་གི་དགོངས་གཞི་དང་བོད་ཀྱི་རྩ་དོན་ཞེས་ལུག་མགོ་བཤམས་ནས་ཁྱི་ཤ་བཙོང་པའི་དཔེ་དང་གཅིག་མཚུངས་སུ་གྱུར་འདུག

དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་རྩོད་རྙོག་མང་པོ་ཞིག་གི་རུ་འདྲེན་པའམ། བྱུས་འགོད་པ་ལྟ་བུ་མང་པོ་ཞིག་སྤྱིའི་རྣམ་པའི་ཐོག་ནས་བལྟས་ན་ཨ་རི་དང་། ཡུ་རོབ། ཨོ་སི་ཁྲུ་ལི་ཡ་སོགས་སུ་ཡོད་པའི་བོད་པའི་ནང་ནས་ཡོང་གི་ཡོད་པ་ལྟ་བུ་རེད་ལ། དྲ་ལམ་ཁག་ཏུ་མིང་དངོས་རྫུན་གང་རུང་གི་ཐོག་ནས་དངོས་ཤུགས་བརྒྱུད་གསུམ་ནས་དཀྲོགས་གཏམ་དང་དཀྲུགས་ཤིང་གཅིག་རྗེས་གཉིས་མཐུད་དུ་སྤེལ་མཁན་ཡང་། མང་ཆེ་བ་གོང་གསལ་ས་གནས་ནས་ཡོང་གི་ཡོད་པ་ལྟ་བུ་འདུག་ཅེས་བརྗོད་ཀྱང་ཐལ་ཆ་ཆེན་པོ་མེད་པ་ལྟ་བུར་སྣང་། ཉེ་ཆར་ཁ་གཡར་ས་འདྲ་མིན་སྣ་ཚོགས་བཙལ་ནས་ཨོ་སི་ཁྲུ་ལི་ཡ་ནས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་མཛད་སྒོ་ཡང་རྩེད་ཆས་ལྟ་བུར་བེད་སྤྱོད་བྱས་སོང་། འདི་ལྟ་བུ་ནི་ཕྱིའི་རྣམ་པའི་ཐོག་ནས་ནང་ཁུལ་འཐེན་འཁྱེར་གྱི་རྣམ་པ་ལྟ་བུར་མངོན་ཡང་། དོན་དུ་དེ་ལས་ཟབ་པའི་རྒྱབ་ལྗོངས་དང་། མངོན་དང་མི་མངོན་པའི་ཐོག་ནས་ཕྱི་ཕྱོགས་ནས་ལག་པ་དམར་པོ་དང་ལག་པ་ནག་པོ་མང་པོ་ཞིག་ཡོད་པར་ཚོད་དཔག་བྱེད་ཆོག་པ་ལྟ་བུ་ཞིག་རེད།

སྤྱིར་ཨོ་སི་ཁྲུ་ལི་ཡར་གནས་སྡོད་བོད་པའི་སྤྱི་ཚོགས་ནས་གནས་ཚུལ་དེ་ལྟ་བུ་ཡོང་ངེས་ཡིན་པ་ཚོད་དཔག་བྱེད་མི་ཐུབ་པ་ཞིག་མིན། ད་བར་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཆགས། འབྲེལ་ཡོད་མང་པོ་ཞིག་འཚོ་བའི་དཀའ་ངལ་སེལ་ཆེད་ཨོ་སི་ཁྲུ་ལི་ཡར་གཞིས་ཆགས་སུ་བཏང་ཡོད་པ་དང་། མི་དེ་དག་གི་ནང་དུ་བོད་དོན་ཆབ་སྲིད་ཀྱི་ཆེད་དུ་བློས་གཏོང་མང་པོ་བྱེད་མྱོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཡོད་ལ། མགོ་བདེ་དྲན་འཕྲུལ་དང་གཡོ་སྒྱུ་ཅན། མི་གསོད་ལག་དམར། ཁྲམ་པ་རྐུན་མ། རང་ཁེ་འབའ་ཞིག་དོན་གཉེར་བྱེད་པ་སོགས་ཀྱང་མང་པོ་ཞིག་ཡོད་པ་དོན་དངོས་ཡིན་ཞིང་། དེ་ལྟ་བུའི་སྤྱི་ཚོགས་ནང་ཁྲ་ཁྲ་ཟིང་ཟིང་དང་རྩོད་རྙོག་མང་པོ་ཡོང་ངེས་པ་རེད། ཆུང་ས་ནས་བཤད་ན་བོད་གཞུང་གིས་ཨོ་སི་ཁྲུ་ལི་ཡར་བཏང་བའི་ནང་ནས་ཆ་སྙོམས་ཀྱི་ཐོག་ནས་བཤད་ན། བོད་གཞུང་ལ་དང་བླངས་དཔྱ་ཁྲལ་འབུལ་མཁན་བརྒྱ་ཆ་ཚད་དམའ་ཤོས་གྲས་ཡིན་པ་འདིའི་ཐོག་ནས་ཀྱང་གནས་སྟངས་ཤིག་གསལ་པོ་རྟོགས་ཐུབ།

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་བོད་པའི་ངོས་ནས་བསམ་ན་ཕན་ཚུན་ལྟོས་བཅས་དང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཆེན་པོ་དེ་ཙམ་མེད་པས་ཧ་ལས་དགོས་པ་ཞིག་མིན་སྲིད་ཀྱང་། དེའི་ཤུགས་རྐྱེན་བཙན་བྱོལ་བོད་པའི་གཞིས་ཆགས་ཁག་ཏུ་ཐེབས་སོང་ན་མ་འོངས་པར་དཀའ་ངལ་ཆེ་ཤོས་ཤིག་ཏུ་འགྱུར་ངེས་རེད། ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་ཁག་ཅིག་གི་བསམ་བློའི་ནང་ཡུལ་ལུང་དེ་དག་གི་མི་སེར་ཆགས་ཟིན་པ་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ལ་རེ་ལྟོས་བྱེད་དགོས་པ་དེ་ཙམ་མེད་སྟབས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་རྩོད་རྙོག་ཆུང་ཙག་ཁག་ཁོང་ཚོས་ལག་རྩེད་རྩེ་ས་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྲིད་པ་ལྟ་བུ་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ངེས་པར་དུ་ལྟོས་དགོས་པའི་བོད་མི་རྣམས་ལ་མཚོན་ན་ཁོང་ཚོར་ལད་ཟློས་དང་མིག་དཔེ་བལྟ་འོས་པ་ཞིག་གཏན་ནས་མིན་པར། བོད་སྤྱིའི་རྩ་དོན་ལ་བསམ་བློ་གཏོང་མ་ཐུབ་ཀྱང་རང་ཉིད་ཀྱི་ཁོར་ཡུག་ཆུང་ངུ་འདི་ཙམ་ལ་བསམ་བློ་གཏོང་ཐུབ་དགོས་སྙམ།

མདོར་ན་ཡ་རབས་བཟང་སྤྱོད་དང་། ༧གོང་ས་མཆོག་གི་དགོངས་གཞི་ཁ་ནས་བཤད་པ་ཙམ་གྱིས་མི་འགྲིག་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་རྒྱུའི་འབོད་ཚིག་དེ་དག་ལའང་དོན་གྱིས་བསམ་བློ་གཏོང་དགོས་པའི་དུས་ལ་བབ་ཡོད། སྲིད་བྱུས་དེ་ལ་ཡིད་ཆེས་སླེབས་པར་བཏང་སྙོམས་ཀྱི་བསམ་བློ་རྒྱ་ཆེན་པོ་དགོས་པ་ལས། འཁོན་འཛིན་དང་ཕྲག་དོག་ཆེ་བའི་གང་ཟག་ཅིག་ཤར་བསྐྱོད་བྱེད་ཆོག་ཆོག་ཅིག་མིན། བོད་པ་ནང་ཁུལ་དང་། ལྷག་པར་ལམ་དབུ་མར་ཤར་བསྐྱོད་བྱེད་རྒྱུའི་ཁ་གཡང་སྒྲོག་མཁན་དག་ལ་མཚོན་ན། ནང་ཁུལ་དུ་རྩོད་རྙོག་ཆུང་ཙག་ཙམ་ལ་ཁྱོད་ཤི་ང་གསོན་བྱེད་མཁན་དག་གིས་༧གོང་ས་མཆོག་གི་ལམ་སྟོན་ལ་ཉན་མི་ཐུབ་ན། དགྲ་བོ་རྒྱ་དམར་གཞུང་ལ་ཡིད་ཆེས་དང་བློས་གཏད་ག་འདྲ་བྱས་ནས་སླེབས་ཐུབ་ཀྱི་ཡོད་མེད་ཐོག་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། མདོར་ན་དགྲ་ལ་དར་ལས་འཇམ་ཞིང་། གཉེན་ལ་ཚེར་མ་ལས་རྩུབ་པའི་བྱེད་སྟངས་འདི་བོད་པའི་ངོས་ནས་དུས་ནམ་ཡང་བཅོས་ཐབས་མེད་པའི་གཤིས་ཀ་ཞིག་ཏུ་མངོན།།

Share this:
༣༡༠ ཀློག་གྲངས།