ཕ་མའི་དྲན་རྟེན་ཆེད་བོད་ཀྱི་ནད་གསོ་ཁང་ཞིག་གསར་རྒྱག

ཟླ་འདིའི་ཚེས་༦ ཉིན་སུད་སི་ལ་གནས་སྡོད་ཆུ་ཡུལ་པ་ནང་མིའི་སྦྱིན་བདག་འོག ཅན་དྷི་གྷར་དུ་བདེ་ལེགས་སྨན་ཁང་གིས་བོད་ཀྱི་ནད་གསོ་ཁང་ཞིག་བརྒྱབ་ཡོད་པ་དེ་ལེགས་འགྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུས་མཛད་སྒོ་ཞིག་དྷ་ས་བདེ་ལེགས་སྨན་ཁང་དུ་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཐོག་མར་ཅན་དྷི་གྷར་སྨན་ཁང་དུ་བོད་མི་ནད་པ་མང་པོ་ཡོང་གི་ཡོད་པས། དེར་བོད་མིའི་ནད་གསོ་ཁང་ཞིག་དགོས་གལ་ཆེ་སྐོར་གྱི་བསམ་ཚུལ་སྤྱི་ཚོགས་ནང་སླེབས་པ་དང་། ད་ཐེངས་ནད་གསོ་ཁང་དེ་ཆུ་ཡུལ་པ་ནང་མིས་འདས་པོ་ཕ་མ་གཉིས་ཀྱི་རྒྱུ་དངོས་ནད་གསོ་ཁང་རྒྱག་ཆེད་དུ་གནང་ནས་ཁྱོན་བསྡོམས་ཧིན་སྒོར་འབུམ་ལྔ་བཅུ་ང་དྲུག་ཙམ་བྱུང་ཡོད་འདུག ཅན་དྷི་གྷར་དུ་ས་ཆ་ཉོ་མ་ཐུབ་པས། བོད་ཁྱིམ་སློབ་གྲྭའི་ནད་གསོ་ཁང་གི་ཡང་ཐོག་ཏུ་ཁང་མིག་བརྒྱད་ཡོད་པའི་ནད་གསོ་ཁང་དེ་རྒྱག་བཅུག་ཡོད་པ་དང་། ད་ལྟ་ཁང་པ་བརྒྱབ་ཟིན་པས། འཆར་ལོའི་ནང་ལས་དོན་དངོས་སུ་འགོ་བཙུགས་ཏེ། ནད་གསོ་ཁང་ལ་གཏན་སྡོད་སྨན་ཞབས་དང་ལས་བྱེད་འཇོག་རྒྱུ་ཡིན་སྐོར་དང་། དེར་སྡོད་མཁན་ནད་པ་ཚོར་ཁང་གླའི་དོད་ཕྲན་བུ་ལེན་རྒྱུ་ཡིན་པ་ལས། གཙོ་བོ་གཞན་ཕན་དང་ནད་པར་རོགས་སྐྱོར་ལ་དམིགས་ཡོད་པ་རེད།

ཆུ་ཡུལ་པ་ནང་མིའི་སྐུ་ཚབ་སྐལ་བཟང་ཕུན་ཚོགས་ཀྱིས། ལས་དོན་ཞིག་བྱེད་སྐབས་མཐུན་རྐྱེན་སྦྱོར་མཁན་དང་། ལས་དོན་བྱེད་མཁན། ས་ཆ་བཅས་དགོས་པ་རེད། ད་ཐེངས་ཆུ་ཡུལ་པ་བཟའ་མི་གཉིས་ཀྱི་ཕྲུ་གུ་ཚོས་ཕ་མ་གཉིས་གྲོངས་རྗེས་རྒྱུ་དངོས་ཁོ་རང་ཚོས་བེད་སྤྱོད་མ་བཏང་བར་འདིར་བཏང་བ་དང་། བདེ་ལེགས་སྨན་ཁང་ནས་འགན་ཁུར་སྟངས་འཛིན་བྱས། ས་ཆ་ཉོ་རྒྱུ་ཁག་པོ་ཡིན་པས་བོད་ཁྱིམ་སློབ་གྲྭའི་ནད་གསོ་ཁང་གི་ཡང་ཐོག་ལ་རྒྱག་བཅུག་པ་བཅས་ཧ་ཅང་ཡག་པོ་བྱུང་འདུག གཅིག་ཕན་གཅིག་གྲོགས་བྱས་ནས་སྣ་ཁ་གསུམ་འཛོམས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ཉིན་དེའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་ཆུ་ཡུལ་པའི་ནང་མིར་ཐུགས་རྗེ་ཆེ་ཞུས་ལག་རྟགས་ཕུལ་བ་དང་། ཁོང་གིས་བཙན་བྱོལ་བོད་མིའི་ནང་གནས་སྟངས་འདིའི་རིགས་བཟང་དུ་འགྲོ་ཡི་ཡོད་པ་དང་། ཆུ་ཡུལ་པ་ནང་མིས་ཕ་མར་རྗེས་དྲན་ཆེད་ནད་གསོ་ཁང་རྒྱག་རྒྱུའི་སྦྱིན་བདག་གནང་བར་རྗེས་སུ་ཡི་རངས་དང་དགའ་སྤོབས་བྱེད་འོས་པ་ཞིག་རེད། ང་ཚོ་ནང་ཆོས་ལ་ཡིད་ཆེས་དང་དད་པ་བྱེད་མཁན་ཞིག་ཡིན་པ་དང་། ཕ་མའི་དངུལ་བཞག་པ་སོ་སོས་བེད་སྤྱོད་མ་བཏང་བར། སྤྱི་ཚོགས་བདེ་དོན་ཆེད་དུ་གཏོང་ཐུབ་པ་ཕ་མར་རྗེས་དྲན་དང་། དགེ་བའི་ལས་ཚད་མཐོན་པོར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

བདེ་ལེགས་སྨན་ཁང་གི་སྨན་པ་སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་གྱིས། ཁོང་སྔོན་མ་བདེ་ལེགས་སྨན་ཁང་གི་འགན་འཛིན་ཡིན་སྐབས། རོགས་ཚོགས་ཚང་མ་ཕྱི་རྒྱལ་བ་ཡིན་པ་དང་། ཁོང་གིས་རེ་བར་བོད་པས་བོད་པར་རོགས་པ་བྱེད་ཐུབ་ན་བསམ་ནས། སུད་སི་འགྲོ་སྐབས་ཤིག་ལ་ཐབས་ཤེས་བྱས་པ་ཡིན་ཏེ། ཆེན་པོ་བྱེད་མ་ཐུབ་སྐོར་དང་། ད་ལྟ་ང་རང་གི་རེ་བ་དེ་འགྲུབ་ཀྱི་ཡོད་པ་ལྟ་བུ་འདུག བོད་པ་དངུལ་ཡོད་མེད་གཉིས་ཀས་ཆོས་ཕྱོགས་ལ་གཏོང་བ་ལས། སྤྱི་ཚོགས་བདེ་དོན་ཆེད་གཏོང་མཁན་དཀོན་པོ་རེད་ལ། ད་ཐེངས་གསར་པ་སླེབས་ནས་འཕེལ་རྒྱས་དང་ཤུགས་རྐྱེན་ཡོང་གི་རེད་ལ། བོད་པས་ཕྱི་ལ་སློང་རྒྱག་མི་དགོས་པར་རང་གི་རྐང་པའི་ཐོག་ལངས་ཐུབ་པའི་ནུས་པ་ཞིག་ཡོང་གི་ཡོད་སྐོར་དང་། བདེ་ལེགས་སྨན་ཁང་གི་ལས་ཀ་བདེ་ལེགས་སྨན་ཁང་གི་ནང་ཙམ་མ་ཡིན་པར། རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ནང་དུ་སྨན་གཏུག་ལ་འགྲོ་མཁན་ཚོར་ཡང་རོགས་པ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

ཆུ་ཡུལ་པའི་བུ་མོ་བདེ་ཆེན་གྱིས། ཁོང་གི་ཕ་གཉིས་ཀྱིས་སྔོན་མ་ནས་ཆོས་ཚོགས་ལ་འགྲོ་སོང་མང་པོ་གཏོང་གི་ཡོད་རེད་ལ། ད་ཐེངས་དངུལ་དེ་གང་ལ་གཏོང་དགོས་མིན་གྲོས་བསྡུར་བྱས་ཡིན་ལ། ཆོས་ཚོགས་ལ་བཏང་བ་དང་སྤྱི་ཚོགས་བདེ་དོན་ལ་བཏང་བ་གཅིག་པ་རེད་འདུག་ལ། ད་ཐེངས་བདེ་ལེགས་སྨན་ཁང་ལ་ཐུག་ནས་ཡག་པོ་བྱུང་སོང་། ངའི་ཕ་མ་མི་ལ་རོགས་པ་བྱེད་རྒྱུར་དགའ་པོ་རེད་ལ། བོད་པས་བོད་པར་རོགས་པ་བྱེད་རྒྱུ་གལ་ཆེན་པོ་འདུག དངུལ་དེ་ཞལ་འདེབས་སྤྲད་པ་ལས། ལས་གཞི་འདི་འདྲ་ཆེན་པོ་ཡོད་པ་ཧ་གོ་མ་སོང་། ད་ཐེངས་དངོས་སུ་ལྟ་སྐབས་ཧ་ཅང་ཡག་པོ་བྱུང་འདུག་ཅེས་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༦༨༠ ཀློག་གྲངས།