ཁོར་ཡུག་ཚོགས་ཆེན་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་འདུག

༧གོང་ས་མཆོག་གིས་མིའི་བྱ་སྤྱོད་ལ་བརྟེན་ནས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཉུང་དུ་གཏོང་བའམ་རྩ་བ་ནས་མེད་པ་བཟོ་རྒྱུའི་འགན་དེ་ཡང་མི་ལ་ཡོད་པ་ཡིན་སྐོར་གསུངས་འདུག

ཟླ་༡༢ པའི་ཚེས་༢ ནས་༡༤ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༤ པ་དེ་ཡུ་རོབ་རྒྱལ་ཁབ་པོ་ལེན་ཊིའི་གྲོང་ཁྱེར་ཀ་ཊོ་ཝི་སཱར་འཚོགས་བཞིན་ཡོད་པ་དང་། དེ་གར་རྒྱལ་ཁབ་༡༩༥ ལྷག་གི་སྐུ་ཚབ་མཉམ་ཞུགས་བྱེད་བཞིན་པ་དང་། ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་མཉམ་ཞུགས་ཀྱིས། ཁོང་གིས་གོང་ས་མཆོག་གིས་གོ་ལའི་གནམ་གཤིས་གྱུར་ལྡོག་གི་གནད་དོན་དང་འབྲེལ་བའི་སྐོར་གྱི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་འདུག

དེ་ཡང་༧གོང་ས་མཆོག་གིས། གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༤ པར་མཉམ་ཞུགས་གནང་མཁན་ཡོངས་ལ་ངོས་ཀྱིས་དགའ་བསུའི་འཚམས་འདྲི་དང་། ལྷན་ཚོགས་ཐོག་འབྱུང་འགྱུར་མི་རབས་ཚོའི་ཆེད་དུ་འཛམ་གླིང་གི་ཁོར་ཡུག་གནས་སྟངས་ཇེ་བཟང་དུ་གཏོང་ཐབས་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ལ་འཛམ་གླིང་ཡང་ཐོག་ཅེས་འབོད་པ་དང་།  ཨེ་ཤི་ཡའི་ཆུ་བོ་ཕལ་མོ་ཆེའི་འབྱུང་ཁུངས་ཡིན། ངོས་རང་ཆུང་དུས་བོད་མཐོ་སྒང་དུ་ཡོད་སྐབས་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཡོད།  དེར་བརྟེན་ངོས་ཀྱི་ལས་འགན་གསུམ་པ་འདི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཡིན་སྟབས། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ཁོར་ཡུག་སྲུང་སྐྱོབ་ཐོག་འབོད་སྐུལ་བྱེད་ཀྱི་ཡོད།

སྤྱིར་དེང་སྐབས་འཛམ་གླིང་ནང་འཕྲུལ་ཆས་ཡར་རྒྱས་གནས་ཚད་ཧ་ཅང་མཐོན་པོར་སླེབས་ཡོད། འོན་ཀྱང་མིའི་བྱ་སྤྱོད་ལ་བརྟེན་ནས་ཁོར་ཡུག་ཐོག་དཀའ་ངལ་ཡང་མང་པོ་ཞིག་བཟོས་པའི་མཇུག་འབྲས་སུ། ད་ཆ་གོ་ལའི་ཚ་དྲོད་ཇེ་ཆེར་རྒྱས་བཞིན་པ་དང་།  གོ་ལའི་གནམ་གཤིས་འགྱུར་ལྡོག་སྔར་དང་མི་འདྲ་བར་མྱུར་ཚད་འཕེལ་བཞིན་པ་དེ་དག མིའི་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་ཡིན་པ་མཁས་དབང་ཁག་གཅིག་གིས་བརྗོད་བཞིན་ཡོད།  དེར་བརྟེན་ཁོར་ཡུག་ཐོག་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཉུང་དུ་གཏོང་བའམ་རྩ་བ་ནས་མེད་པ་བཟོ་རྒྱུའི་འགན་དེའང་ང་ཚོ་མི་ལ་ཡོད་པ་རེད།

གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་རྒྱལ་ཁབ་རེ་གཉིས་ཀྱི་གནད་དོན་ཞིག་མ་རེད། དེ་ནི་འགྲོ་བ་མིའི་རིགས་སྤྱི་དང་། འཛམ་གླིང་འདིའི་ནང་འཚོ་བཞིན་པའི་སྲོག་ཆགས་ཡོངས་དང་འབྲེལ་བ་ཆགས་ཡོད།  ང་ཚོར་སྡོད་གནས་འཛམ་གླིང་འདི་ཁོ་ན་ལས་མེད། གལ་ཏེ་འཛམ་གླིང་འདིའི་ཁོར་ཡུག་གནས་སྟངས་ཀྱི་རྐྱེན་པས་འཚོ་གནས་བྱེད་ཐབས་མེད་པ་ཞིག་ཆགས་པ་ཡིན་ན།  འཛམ་གླིང་གཞན་ཞིག་ཏུ་ང་ཚོ་སྤོ་ས་མེད།  དེར་བརྟེན་ཚང་མས་དགོངས་པ་ཆེ་བཞེས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་། གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་སེལ་ཆེད་དོན་ཕན་ལྡན་པའི་ཐབས་ལམ་ཞིག་འཚོལ་དགོས་པ་ནི་ཛ་དྲག་གི་དགོས་མཁོ་ཞིག་ཡིན།

མཁའ་དབྱིངས་བར་སྣང་ནས་བླངས་པའི་འཛམ་གླིང་གི་འདྲ་དཔར་དེ་འདྲ་ལ་བལྟ་སྐབས།  གོ་ལ་སྔོ་ལྡུམ་གཅིག་མ་གཏོགས་རྒྱལ་ཁབ་ཕན་ཚུན་དབར་ས་མཚམས་སོགས་མ་མཐོང་རྒྱུ་མི་འདུག   དེར་བརྟེན་ “ངའི་རྒྱལ་ཁབ་” ཟེར་བ་དང་། “ང་ཚོའི་གླིང་ཆེན་” ཞེས་བསམ་བློ་གཏོང་རྒྱུའི་དུས་ཚོད་ཡོལ་ཟིན་སྟབས། ཚང་མས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་ཀུན་ཁྱབ་འགན་ཁུར་གྱི་འདུ་ཤེས་ཆེ་རུ་གཏོང་དགོས། ཅེས་གསུངས་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས། བོད་མཐོ་སྒང་དེ་ནི་གོ་ལའི་ཁོར་ཡུག་ནང་གལ་གནད་ཆེན་པོ་ཞིག་ཡིན་པ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ཀྱིས་བོད་མཐོ་སྒང་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་སྤྲད་བཞིན་པ། བོད་མཐོ་སྒང་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན་ཡང་། ད་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་པས། བལྟ་ཚུལ་དེ་འགྱུར་བ་གཏོང་ཆེད་དུ་ཕྱི་ལོ་༢༠༠༩ ལོ་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་བཞིན་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༢༢ ཀློག་གྲངས།