ནང་ཆོས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་སློབ་ཐོན།

ཟླ་འདིའི་ཚེས་༧ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་སློབ་གཉེར་བ་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོ་མཐར་ཕྱིན་གྱི་མཛད་སྒོ་ཞིག་འཚོགས་པ་དང་། སློབ་གཉེར་དེ་ནི་ཐོག་མར་སློབ་མའི་ཤེས་ཚད་ལ་མ་བལྟས་པར། སློབ་ཞུགས་བྱེད་འདོད་ཡོད་མཁན་ཚང་མ་བླངས་ཡོད་པར་བརྟེན། དང་པོར་བོད་སྐད་ཕྲན་བུ་ལས་མི་ཤེས་མཁན་ཡང་མཉམ་ཞུགས་བྱས་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་སློབ་ཐོན་དེའི་སྐོར་འགྲེལ་བརྗོད་གནང་དོན། “བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སློབ་སྦྱོང་བྱེད་མཁན་མང་པོ་ཡོད་པ་རེད། དེ་འདྲ་བའི་སློབ་གཉེར་ཁང་མང་པོ་ཡོད་པ་རེད། ཕུགས་རྒྱང་རིང་པོར་བསམ་བློ་བཏང་དུས་བོད་སྐད་དང་ནང་ཆོས་བསླབ་དུས། དབྱིན་ཡིག་ཐོག་ཁོ་ན་མ་ཡིན་པར། བོད་སྐད་རང་གི་ཐོག་ནས་བསླབ་ཐུབ་ན། བོད་ཀྱི་ཆོས་དང་རིག་གཞུང་། སངས་རྒྱས་བསྟན་པར་ཕན་ཐོགས་ས་རེད་བསམ་ནས་སློབ་ཚན་དེ་འགོ་བཙུགས་པ་ཡིན་”ཞེས་དང་། སློབ་མ་བསྡུ་རུབ་དེ་ཆ་རྐྱེན་ངེས་མེད་ཐོག་ནས་སློབ་ཞུགས་བྱེད་འདོད་ཡོད་མཁན་ཚང་མ་བསྡུས་ནས་སློབ་ཁྲིད་འགོ་བཙུགས་ཡོད་པ་དང་། ཐོག་མར་སློབ་མ་༢༤ འཛུལ་ཞུགས་བྱས་པ་དང། ལོ་གསུམ་རིང་སློབ་གཉེར་བྱས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་མི་བདུན་བྱུང་འདུག་ལ། དེའི་ནང་བོད་མི་སྐྱེས་པ་གཅིག་དང་བུད་མེད་གཅིག ཨ་རི་དང་། འཇར་མན། ཨུ་རུ་སུ་སོག་པོ། ཉི་ཧུང་བཅས་ནས་ཡོད་པ་རེད། ལོ་གསུམ་རིང་བསྡུས་གྲྭ་དང་། བློ་རིག རྟགས་རིག ས་ལམ་དང་། ཕར་ཕྱིན་དང་དབུ་མ། སྤྱོད་འཇུག་སོགས་སློབ་ཁྲིད་གནང་ཡོད་པ་དང་། རིམ་པས་སློབ་གཉེར་མུ་མཐུད་གནང་མཁན་ཡོད་ན་གཞུང་ཆེན་བཀའ་པོད་ལྔ་པོ་སློབ་ཁྲིད་བྱེད་འཆར་ཡོད་པ་རེད།

དགེ་བཤེས་ལྷག་རྡོར་གྱིས་མུ་མཐུད་འགྲེལ་བརྗོད་གནང་དོན། “ཐོག་མར་སློབ་མ་བསྡུ་སྐབས་ཡིག་ཚད་གཏོང་རྒྱུ་མེད་པར་སྦྱོང་འདོད་ཡོད་མཁན་ཚང་མ་ངོས་ལེན་བྱས་པ་དང་། སོ་སོས་སྦྱོང་ཐུབ་མིན་ལ་ལྟ་ཞོར། མུ་མཐུད་སྦྱོང་མི་ཐུབ་མཁན་ཚོ་བར་འཚམས་ནས་འགྲོ་ཆོག་གི་རེད་”ཅེས་དང་། “ཁག་ཅིག་གིས་ཕར་ཕྱིན་དང་དབུ་མ་དེ་ཚོ་དེ་འདྲ་ལས་སླ་པོ་སྦྱང་པ་གང་ནས་ཡོང་གི་རེད། གདན་ས་ནས་ལོ་བཅུ་དང་བཅོ་ལྔར་སྦྱོང་གི་ཡོད་པ་རེད་ཟེར་སྲིད་ཀྱི་རེད་དེ། དེ་ཚོར་དུས་ཚོད་ལ་ལྟ་ཞོར་སྐྱོང་སྐུམ་བྱེད་དགོས་པ་ཞིག་རེད་ལ། ནང་ཆོས་ཟེར་བ་དེ་ཉིན་བཅུ་ལ་སྦྱོང་ན། ཟླ་གསུམ་སྦྱོང་ན། ལོ་གཅིག་ག་རེ་ཡིན་ནའང་སྦྱོང་རྒྱུ་ཡོད་པ་ཞིག་ཡིན་པས། ང་ཚོས་དེ་ལ་བལྟས་ནས་བྱས་པ་ཡིན་པ་ལས། འདི་ནས་སློབ་མཐར་ཕྱིན་པ་ཚོ་གདན་ས་ཁག་ནས་ཐོན་པ་དང་གཅིག་པ་རེད་ཟེར་གྱི་མེད་ལ། སློབ་སྟོན་མཛད་སྒོ་ཡང་ཞྭ་མོ་དང་ལྭ་བ་རྫིག་པོ་དེ་ཚོ་ཡོད་པ་བྱས་མེད་”ཅེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་སློབ་མ་ཚོར་ལག་ཁྱེར་གནང་བ་དང་ནང་ཆོས་ཀྱི་སློབ་གཉེར་བྱེད་སྟངས་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྐོར་དང་འབྲེལ་ནས་གསུང་བཤད་གནང་སྐབས། “བོད་ལུགས་ཀྱི་གཞུང་ཆེན་པོ་སློབ་སྦྱོང་བྱེད་སྟངས་དང་དེང་དུས་ཀྱི་ཉམས་ཞིབ་བྱེད་སྟངས་མང་པོ་ཞིག་བྱས་ཡོང་དུས། རྒྱ་ཆེ་གཏིང་ཟབ། ཞིབ་ཚགས་མང་པོ་འགྲོ་དགོས་རེད་ལ། དེ་ཉམས་ཞིབ་ཀྱི་འགྲོ་སྟངས་དང་གལ་ཆེན་པོ་རེད་དེ། མཚམས་མཚམས་སུ་དེ་འདྲ་མང་པོ་བྱས་དུས་སྤྱིའི་སྒྲོམ་ལྟ་བུ་ལྷག་འགྲོ་ཡི་ཡོད་པ་དང་། བསྡོམས་བརྒྱབ་ཡོང་དུས་སྒྲོམ་ག་འདྲ་ཡིན་པ་ཞེ་དྲག་བསམ་བློ་གཏོང་མ་ཐུབ་པ་ཡོང་གི་ཡོད་ཚོད་འདུག་”ཅེས་དང་། “བསླབ་པ་གསུམ་གྱི་རྣམ་གཞག་དེར་བསམ་བློ་བཏང་ན། དེ་གསུམ་མཉམ་དུ་ཡོང་སྟངས་དེ་ཧ་ལས་པ་རེད། སྤྱིར་ཤེས་བྱའི་གནས་དང་། ལས་དོན་ག་རེ་བྱས་ན། ཆོས་གཅིག་པུ་རེད་མི་འདུག དང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་དེ་གཞི་རིམ་གྱི་མིའི་བཟང་སྤྱོད། དེའི་ཐོག་སེམས་སོ་སོར་འདོད་པ་ཡོད་པའི་ཐོག་སྒྲིམ་ཐུབ་པ་དེ་ཏིང་ངེས་འཛིན་གྱི་བསླབ་པ། དེའི་ཐོག་ཤེས་རབ་ཀྱི་བསླབ་པ་དཔྱད་པ་བྱེད་རྒྱུ་གསུམ་དེའི་ནང་ལ་མ་འདས་པ་མེད་པ་དང་། དེ་གསུམ་མེད་དུ་མི་རུང་བ་རེད་”ཅེས་དང་། “ཆོས་ཕྱོགས་ནས་བཤད་ན་བདེན་བཞིའི་རྣམ་གཞག་རེད། ཞིབ་ཕྲ་ཡོད་རེད་དེ། བཞི་དེ་ག་འདྲ་མཉམ་དུ་ཡོང་གི་ཡོད་རེད། ཚན་རིག་དང་མཐུན་པ་ཟེར་བ་དང་རྒྱུ་མཚན་དང་མཐུན་པ་ཟེར་བ་དེ་ཚོ་ཧ་ལས་པ་རེད། སོ་སོར་མི་འདོད་པ་ཞིག་ཡོད་ན་ཕྱི་བརྡར་གཏོང་འཇོག་པ་དང་ཚེར་མ་བཏོན་བཞག་པ་ལྟ་བུ་མ་ཡིན་པར། དེའི་རྒྱུ་རྐྱེན་བཙལ་དགོས་པ་དང་། སོ་སོར་དགོས་པ་ཞིག་བསྒྲུབ་དགོས་ཀྱི་ཡོད་ན་དེ་མཐོ་སྙེག་དང་མགྱོགས་ལམ་བྱེད་འཇོག་པ་མ་ཡིན་པར། དེ་འགྲུབ་པར་རྒྱུ་ག་རེ་ཡིན་བཙལ་བ་དེ་ཚོ་ཆོས་གཅིག་པུ་རེད་མི་འདུག་ལ། བརྟན་པོ་རེད་”ཅེས་དང། བོད་པའི་སློབ་གཉེར་བ་ཚོས་གཞུང་གི་ནང་དོན་ཡག་པོ་བསྦྱངས་ཡོད་ནའང་། དེ་དང་འབྲེལ་བའི་གཞུང་ལུགས་དེའི་བྱུང་རིམ་དང་། རྩོམ་མཁན་གྱི་ལོ་རྒྱུས་སོགས་ལ་ཡང་ལྟ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ཨུ་རུ་སུ་ནས་ཡིན་པའི་སློབ་གཉེར་བ་མཱ་རེ་ཡས་འགྲེལ་བརྗོད་གནང་དོན། “བོད་ཡིག་བོད་སྐད་སྦྱང་ནས་ལོ་དྲུག་བདུན་ཞིག་འགྲོ་སོང་། ཕན་ཐོགས་པོ་དང་སེམས་དགའ་བ་གཅིག་པུ་མ་ཡིན་པར་བསམ་བློ་གཏོང་སྟངས་ལ་ཁྱད་པར་འགྲོ་སོང་། ང་ལ་ཕན་ཐོགས་གཅིག་པུ་མ་ཡིན་པར་མི་གཞན་ལ་རོགས་པ་ཐུབ་ཀྱི་རེད། བོད་ཡིག་དང་ནང་ཆོས་སྦྱོང་རྒྱུ་གལ་ཆེན་པོ་རེད་”ཅེས་འགྲེལ་བརྗོད་གནང་སོང་། ཨ་རི་ནས་ཡིན་པའི་སློབ་གཉེར་བ་ཇུ་ལེ་ཡས། “ནང་ཆོས་སྦྱོང་རྒྱུ་གལ་ཆེན་པོ་འདུག་ལ། ནང་དོན་ཧ་གོ་ཐུབ་ཀྱི་འདུག མུ་མཐུད་ནས་སློབ་གཉེར་བྱེད་རྒྱུའི་འཆར་གཞི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

མཇུག་ཏུ་སློབ་གཉེར་བ་དེའི་ཁོངས་ནས་འཇམ་དབྱངས་སྒྲོལ་མས་བརྩམས་པའི་སྙན་དེབ་སེམས་ཀྱི་གསང་འཕྲིན་ཞེས་པ་དབུ་འབྱེད་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༧༥༢ ཀློག་གྲངས།