སྨན་རྩིས་ཁང་གིས་རྒྱ་ནག་གི་བྱེད་ལས་ལ་མོས་མཐུན་མེད་གསུངས་སོང་།

ཟླ་འདིའི་ཚེས་༧ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། སྨན་རྩིས་ཁང་གིས་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས། བོད་ཀྱི་གསོ་བ་རིག་པའི་བདག་དབང་འཕྲོག་ཐབས་བྱེད་བཞིན་པར་དགག་བྱ་ཡོད་པ་དང་། དེ་བཞིན་འགྲོ་སོང་ཕོན་ཆེན་བཏང་སྟེ། སྨན་རྩིས་ཁང་གི་ལས་དོན་ལ་འགལ་རྐྱེན་བཟོ་ཐབས་བྱེད་བཞིན་ཡོད་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

དེ་ཡང་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་གསུང་དོན་ལ། ཉེ་ཆར་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་དངོས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དེབ་སྐྱེལ་བྱས་ཏེ་ཚུད་ཡོད་པ་དེ་ནི་འགྲིག་གི་མེད་པ་དང་། དེ་བཞིན་བོད་ཀྱི་གསོ་བ་རིག་པ་དེ་ཡང་དེབ་སྐྱེལ་བྱེད་ཐབས་བྱེད་བཞིན་ཡོད་པས། དེའི་བདག་དབང་དེ་རྒྱ་ནག་ལ་མེད་པ་དང་། བོད་ཀྱི་གསོ་བ་རིག་པར་དངོས་མིན་རིག་གནས་བརྗོད་པ་དེ་ཡང་འགྲིག་གི་མེད་སྐོར་གསུངས་སོང་།

དེ་བཞིན་རྒྱ་ནག་གིས་བོད་ཀྱི་གསོ་བ་རིག་པའི་བཙོ་ཐལ་དེར་སྒྲ་སྒྱུར་ཐོག་ནས་མིང་འདྲ་བོ་ཞིག་བཏགས་ནས། བདག་དབང་འཕྲོག་ཐབས་བྱེད་བཞིན་ཡོད་པ་དེར་ཡང་ངོས་ལེན་མེད་སྐོར་དང་། བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་ནི་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པ་དང་། ཁོང་ནི་བོད་མི་ཞིག་ཡིན་པས་བདག་དབང་ནི་བོད་ལ་ཡོད་པ་ལས། རྒྱ་ནག་དང་རྒྱ་གར་སོགས་ཀྱིས་བདག་དབང་ཐད་རྩོད་པ་རྒྱག་དགོས་དོན་མེད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན་ལ། བོད་ཀྱི་སྨན་རྩིས་ཁང་དེ་བཙན་བྱོལ་ནང་ཕྱི་༡༩༦༡ ལོར་དབུ་བརྙེས་ཤིང་། ཕྱི་ལོ་༡༩༩༤ ལོར་དབྱིན་ཡིག་ཐོག Men-Tse- Khang ཞེས་པའི་མིང་ཐོག་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པ་དང་། དེ་སྔོན་ཡིན་ན་ལྷ་སའི་སྨན་རྩིས་ཁང་གི་དབྱིན་ཡིག་ཐོག་གི་མིང་དེ་དྷ་སའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་དབྱིན་ཡིག་མིང་ལྟར་བེད་སྤྱོད་བྱེད་ཀྱི་མེད་ཀྱང་། ཉེ་བའི་ལོ་ཤས་གོང་ནས་Mentsekhang ཞེས་བེད་སྤྱོད་གཏོང་འགོ་བཙུགས་ཡོད་པས། འདི་ནི་ཁྲིམས་འགལ་ཡིན་སྐོར་གསུངས་ནས། ད་ལྟའི་ཆར་དབྱིན་ཡིག་ཐོག་གི་མིང་འདི་ལྷ་སའི་སྨན་རྩིས་ཁང་གིས་བེད་སྤྱོད་བྱས་ན་མི་འགྲིག་པ་དང་། འོན་ཀྱང་མ་འོངས་པ་བོད་ཀྱི་བདེན་མཐའ་གསལ་ཚེ། སྐབས་དེར་སྨན་རྩིས་ཁང་གི་མཚན་བྱང་གཅིག་གི་འོག་གནས་རྒྱུར་དགའ་བསུའི་རང་བཞིན་ཡིན་ཡང་། ད་ལྟའི་གནས་སྐབས་སུ་དེ་ལྟའི་བྱེད་བབ་མི་འོས་པས། ཁྲིམས་ཐོག་ནས་འགན་འཁུར་ངེས་པར་བྱ་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།

ཁོང་གིས་གསུང་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་གསོ་བ་རིག་པ་དེ་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་དེབ་སྐྱེལ་བྱེད་རྒྱུའི་སྙན་ཞུ་སྤྲད་ཟིན་ཡོད་པ་དང་། བོད་ཀྱི་སྨན་རྩིས་ཁང་གིས་འབྲེལ་ཡོད་ལྷན་ཚོགས་ལ་གནད་དོན་དེ་མི་འགྲིག་པ་ཡིན་པའི་ཞུ་གཏུག་བྱས་སྐབས། ལྷན་ཚོགས་དེས་སྙན་ཞུ་དེ་འབྱོར་མེད་སྐོར་ལན་འདེབས་བྱས་ཡོད་པ་དང་། ལྷན་ཚོགས་དེར་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཡོད་པ་གསལ་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༧༤ ཀློག་གྲངས།