བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་གི་མཉེན་ཆས་གསར་ཐོན།

ཟླ་འདིའི་ཚེས་༨ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་གཉིས་མཉམ་འབྲེལ་གྱིས། བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་དང་དེའི་མཉེན་ཆས་སྐོར་ལ་བགྲོ་གླེང་ཞིག་འཚོགས་སོང་།

བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་དང་མཉེན་ཆས་ཤིག་གསར་བཟོ་བྱས་ཏེ་ཚོད་ལྟའི་ཆེད་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དང་། མཉེན་ཆས་དེ་དཔེ་དེབ་ཀྱི་མཚན་བྱང་དང་དཀར་ཆག་ནང་འཇུག་བྱས་རྗེས་དཔེ་དེབ་འཚོལ་བ་དང་། སྡེ་ཚན་ཁག་ཏུ་ཡང་ལྟ་བདེའི་ཆེད་དུ་ཡིན་པ་རེད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་གཤེས་བློ་བཟང་སྨོན་ལམ་གྱིས་འགྲེལ་བརྗོད་གནང་དོན། “སྤྱི་ཚོགས་ཀྱི་ཤེས་ཡོན་གནས་ཚད་མཐོན་པོར་སླེབས་དགོས་ཀྱི་ཡོད་ན། དཔེ་མཛོད་དེ་གལ་ཆེ་ཤོས་རེད། དཔེ་མཛོད་ནང་དེབ་ཡོད་པ་ཙམ་གྱིས་མི་འགྲིག་པར་ལབ་སེང་འཚོལ་ཐུབ་པ་ཞིག་དགོས་པས། གཙོ་བོ་རྒྱ་གར་གྱི་དཔེ་མཛོད་ཀྱི་ཡབ་ཆེན་སྐུ་ཞབས་རེན་གྷ་ན་ཐེན་(S.R. Ranganathan) དང་། ཨ་རིའི་དཔེ་མཛོད། ཝ་ཎ་དཔེ་མཛོད་ལག་དེབ། དུང་དཀར་རིན་པོ་ཆེའི་དཔེ་མཛོད་སྐོར་གྱི་གསུང་རྩོམ་སོགས་གཞི་ལ་བཞག་ནས་བཟོས་པ་རེད། དཔེ་མཛོད་ཁང་ཁག་གི་དཀར་ཆག་ཉར་ཚགས་བྱེད་སྟངས་དང་། དེབ་ཕར་ཚུར་གཡར་རྒྱུ་དང་འགྲེམས་ཚོང་བྱེད་སྟངས་ཀྱི་མཉེན་ཆས་རེད། དེང་སྐབས་ཀྱི་རྒྱལ་སྤྱིའི་ཐོག་གི་རིག་རྩལ་ཆ་ཚང་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་དབྱེ་བ་བཀར་སྟངས་ཆ་ཚང་བ་ཡོད་རེད་” ཅེས་དང་། “གཙོ་བོ་མཉེན་ཆས་དེ་དཔེ་མཛོད་ཁང་པ་ཡོད་པ་ཆེན་པོ་དེ་འདྲས་བེད་སྤྱོད་ཆོག་རེད་ལ། གློག་ཀླད་༢༥༠ ལ་མཐུད་ཆོག་གི་རེད། མི་སྒེར་བས་བེད་སྤྱོད་ཆོག་རེད་ལ། དཔེ་མཛོད་ཁང་གང་རུང་གིས་དེབ་ཀྱི་དཀར་ཆག་ཡར་འཇུག་ཟིན་རྗེས་གཞན་ལ་བརྒྱུད་སྤྲོད་ཀྱང་ཆོག་རེད་”ཅེས་གསུངས་སོང་།

ཉིན་དེའི་སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེས་བོད་ཀྱི་དཀར་ཆག་རིག་པའི་བྱུང་རིམ་སྐོར་གསུང་པ་དང་འབྲེལ་མཉེན་ཆས་གསར་པ་དེའི་སྐོར་གསུང་དོན། “ དཀར་ཆག་རིག་པའི་བརྡ་འཕྲིན་མཉེན་ཆས་དེས་དཔེ་ཆ་ཀློག་མཁན་དང་བདག་ཉར་བྱེད་སྟངས་གཉིས་ཀར་ཕན་ཐོགས་ཆེན་པོ་དང་སྟབས་བདེ་པོ་བྱུང་ཡོད་པ་རེད། བོད་ཕྱི་ནང་གཉིས་ནས་བེད་སྤྱོད་ཐུབ་པ་རླབས་ཆེན་རེད་ལ། འཛིན་སྐྱོང་དང་འབྲེལ་བ་ཡོད་པ་དེ་དཔེ་མཛོད་བདག་ཉར་བ་ཚོའི་ཆེད་དུ་ཡིན་པས། ལས་སླ་རུ་སོང་བ་དང་རིམ་པས་ཡར་རྒྱས་ཡོང་གི་རེད”ཅེས་དང་། “ཁྲོམ་རའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དེ་ཇི་སྲིད་གནས་པའི་བར་དུ་འཕྲུལ་ཆས་ཡིན་ནའང་རེད། མཉེན་ཆེས་ཡིན་ནའང་ལོ་མང་པོར་འདུག་གི་མེད་པར། ཡང་གསར་པ་སླེབས་ཡོང་བ་དང་གསར་པ་ཉོ་དགོས་པ་ཞིག་རེད། དེར་སྔོན་ཚུད་ནས་ཚོད་དཔག་ཐུབ་རྒྱུ་ཁག་པོ་རེད་དེ། གང་ལྟར་དེའི་ཚོར་སྣང་དེ་ཡོད་དགོས་པ་ཞིག་རེད་”ཅེས་མ་འོངས་པར་བཅོས་མའི་རིག་སྩལ་གྱི་དུས་རབས་ལ་གང་འདྲ་ཡོང་མིན་ཚོད་དཔག་ཐུབ་ཐབས་དཀའ་བ་ཡིན་སྐོར་ཡང་གསུངས་སོང་།

བགྲོ་གླེང་དེའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འཛན་འཛིན་དགེ་བཤེས་ལྷག་རྡོར་དང་། ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་རིག་པའི་ཆེད་ལས་པ་ངག་དབང་ཚེ་དཔག བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་ཚན་པའི་འགན་འཛིན་ཨ་ཅརྱ་བསོད་ནམས་སྟོབས་རྒྱལ་བཅས་ནས་དཔེ་མཛོད་དང་དཀར་ཆག་རིག་པའི་ལོ་རྒྱུས་བྱུང་རིམ་སྐོར་དང་གཉེན་ཆས་མཚུངས་སྡུར་གནང་ཕྱོགས་སོགས་ཀྱི་ཐད་གསུང་བཤད་དང་བགྲོ་གླེང་ཡང་གནང་སོང་།

དཀར་ཆག་སྒྲིག་པ་ནི་འཛམ་གླེང་ནང་བོད་པ་སྔ་ཤོས་ཡིན་པ་དང་། དུས་རབས་བརྒྱད་པ་ནང་ནས་ནས་འགོ་བཙུགས་སྟེ། དུས་རབས་༡༤ བར་ལྡན་དཀར་པ་དང་། འཕང་ཐང་མ་སོགས་སྔ་དར་དཀར་ཆག་དང་། དུས་རབས་༡༤ ནང་ནས་བཀའ་བསྟན་དཀར་ཆག་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་སོགས་བྱུང་ཡོད་འདུག

དེང་རབས་དཀར་ཆག་རིག་པའི་དགོས་པ་ནི་རྒྱ་གར་གྱི་སློབ་དཔོན་ཆེན་མོ་S.R. Ranganathan གྱིས་གཏན་འབེབས་བྱས་པའི་ཁྲིམས་ལྔ་ནི། ༡ དཔེ་དེབ་རྣམས་བེད་སྤྱོད་བྱེད་རྒྱུའི་ཆེད་ཡིན་པ། ༢ དཔེ་དེབ་རྣམས་ཀུན་གྱི་ཆེད་ཡིན་པ། ༣ དཔེ་དེབ་རེ་རེར་དེའི་ཀློག་མཁན་དགོས་པ་དང་། ཀློག་མཁན་རེ་རེར་མཁོ་བའི་དཔེ་དེབ་དགོས་པ། ༤ ཀློག་མཁན་གྱི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བ། ༥ དཔེ་མཛོད་ནི་འཕེལ་རྒྱས་འགྲོ་ངེས་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་བཅས་རེད།

བོད་ཡིག་དཔེ་མཛོད་མཉེན་ཆས་ཀྱི་ཁྱད་ཆོས་ཤོག་བྱང་དཀར་ཆག་བཟོ་སྒྲིག་མི་དགོས་པར་དུས་ཚོད་འགོར་འགྱངས་མི་འགྲོ་བ་དང་། བོད་ཡིག་ལས་སྐད་ཡིག་གཞན་མི་ཤེས་མཁན་ཚོས་བེད་སྤྱོད་ཐུབ་པ། རིན་མེད་འགྲེམས་སྤེལ་བྱེད་ཀྱི་ཡོད་པ། བོད་ཀྱི་དཀར་ཆག་རིག་པ་དེང་རབས་སྤྱི་ཡོངས་དཀར་ཆག་རིག་པ་དང་གནས་ཚད་ཆ་མཉམ་པ། སྐད་ཡིག་གཞན་གྱང་བེད་སྤྱོད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༩༡ ཀློག་གྲངས།