༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་དབར་འགལ་ཟླ་བྱུང་ཚུལ་ནི་འཆལ་གཏམ་རེད།

ར་ཇིབ་ཤརྨ་ཟེར་བའི་གསར་འགྱུར་རྩོམ་སྒྲིག་པས་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ ཉིན་ལྷོ་ཨེ་ཤི་ཡའི་དྲ་རྒྱའི་Southasian.Monitor ནང་། འགོ་བརྗོད་དུ། “ཏཱ་ལའི་བླ་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབར་མི་མཐུན་པའི་གནས་ཚུལ་བྱུང་བར་བརྟེན། བོད་མིའི་ཆབ་སྲིད་མགོ་རྙོག་ཅན་དུ་གྱུར་པ།” ཟེར་བའི་རྩོམ་ཡིག་ཅིག་ལ་བོད་མིའི་སྒྲིག་འཛུགས་གསལ་བཤད་གསལ་བསྒྲགས་ཤིག་སྤེལ་འདུག

དེ་ཡང་ཕྱི་ཟླ་༡༢ པའི་ཚེས་༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྩོམ་སྒྲིག་པ་དེས་བོད་ཀྱི་ཆོས་ཚོགས་ཕྱིར་འཐེན་བྱས་པ་དེ་ནང་ཁུལ་མ་འགྲིག་པ་ཡོད་སྐོར་བྲིས་ཡོད་པར་ལན་འདེབས་གནང་དོན།  “བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་༢༠༡༨ ཟླ་༡༡ ཚེས་༢༩ ནས་ཟླ་༡༢ ཚེས་༡ བར་ཚུགས་རྒྱུའི་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་༡༣ དུས་ཚོད་ངེས་མེད་བར་ཕྱིར་འགྱངས་གནང་རྒྱུའི་གསལ་བསྒྲགས་ཤིག་༢༠༡༨ ཟླ་༡༡ ཚེས་༢༤ ཉིན་སྤེལ་ཡོད།  གསལ་བསྒྲགས་དེའི་ནང་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར།  རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་མཚོན་སླད།  ཚོགས་ཆེན་ཐེངས་༡༣ དུས་ཚོད་ངེས་མེད་བར་ཕྱིར་འགྱངས་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་གྱི་མཛད་འཕྲིན་རྣམས་རེ་ཞིག་ལེགས་པར་གྲུབ་སྟེ།  ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས།  གསར་འགོད་པའི་དྲི་བ་ཞིག་དང་འབྲེལ་ནས་ཐེངས་འདིར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རྙིང་ཤོས་སྔ་འགྱུར་རྙིང་མའི་བླ་ཆེན་ཞིག་སྐུ་གཤེགས་པར་བརྟེན་ཚོགས་ཆེན་ཐེངས་ ༡༣ པ་ཚོགས་པ་ཡིན་ན་འོས་བབ་རྩ་བ་ནས་མེད་སྐོར་བཀའ་ལན་བསྩལ་ཡོད་ཅེས་འཁོད་འདུག

དྭགས་པོ་བསོད་ནམས་ནོར་བུས་རྩོམ་སྒྲིག་པ་དེའི་སྐད་ཆ་ཆེད་བཟོས་བྱས་པ་ལས་རྒྱུ་མཚན་མེད་སྐོར་ལན་འདེབས་གནང་དོན། “ར་ཇིབ་ཤརྨའི་རྩོམ་ཡིག་ནང་།  གོང་གི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་བཞུགས་ཞག་མཛད་སྐབས།   ཕྱི་ཟླ་༡༡ ཚེས་༢༢ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་ཞལ་པར་ཐོག་བཀའ་མོལ་བྱུང་ཚུལ་བཀོད་ཡོད་པ་ནི་རྒྱུས་མེད་རྫུན་སྒྲིག་སྟེ།   སྤྱིར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་མོལ་ཅི་འདྲ་ཞིག་ཞུ་དགོས་ཀྱང་།  དུས་རྟག་ཏུ་རྒྱུན་ལྡན་ལམ་ལུགས་ལ་བརྩི་བཀུར་ཞུས་ཐོག་སྲིད་སྐྱོང་མཆོག་སྐུ་ངོ་མ་༸རྒྱལ་བའི་གཟིམ་ཆུང་སོགས་སུ་མཇལ་བཅར་གྱིས་བཀའ་མོལ་ཞུས་པ་མ་གཏོགས་ལམ་སྲོལ་དང་གཏན་ནས་མི་མཐུན་པར། ཞལ་པར་ཐོག་བཀའ་མོལ་ཞུ་སྲོལ་མེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་མཚོན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེ་ཤོས་ཞུ་མཁན་ཞིག་ཡིན་སྟབས་དབུ་ཁྲིད་རྣམ་གཉིས་དབར་མི་མཐུན་པའི་འགལ་ཟླ་བྱུང་ཚུལ་སྙོན་འདིང་བ་དེར་གཞི་རྩ་གང་ཡང་མེད་”ཅེས་གསུངས་འདུག

རྩོམ་སྒྲིག་པ་དེས་སྔོན་ཡང་བོད་དང་འབྲེལ་བའི་གནས་ཚུལ་རྫུན་སྒྲིག་བྱས་སྐོར་དྭགས་པོ་བསོད་ནམས་ནོར་བུས་གསུང་དོན། “རྩོམ་པ་པོས་དེ་སྔ་༢༠༡༨ ཟླ་༡༡ ཚེས་༢༦ ཉིན་ ‘ཏཱ་ལའི་བླ་མས་རང་གི་ཤུལ་འཛིན་པ་བདམས་འདུག་’ ཟེར་བ་འགོ་བརྗོད་དུ་འཁོད་པའི་རྩོམ་ཞིག་སྤེལ་བ་མ་ཟད། ༢༠༡༨ ཟླ་༡༡ ཚེས་༡༤ ཉིན་ ‘ཏཱ་ལའི་བླ་མས་བོད་དུ་ཕྱིར་ལོག་བྱ་འདོད་ཀྱི་རྣམ་འགྱུར་བསྟན་ཡང་རྒྱ་ནག་གཞུང་གིས་བདག་སྤྲོད་བྱས་མེད།’ ཟེར་བའི་རྩོམ་ཡིག་དེ་གཉིས་ལྷོ་ཨེ་ཤི་ཡའི་དྲ་རྒྱ་Southasian.Monitor ཟེར་བའི་ནང་བཏོན་ཡོད། དེ་བཞིན་༢༠༡༨ ཟླ་༦ ཚེས་༡༡ ཉིན་ཁོ་པས། ‘ཏཱ་ལའི་བླ་མར་འཆི་ནད་ཀྱིས་བཏབས་འདུག’  ཟེར་བའི་རྩོམ་ཞིག་ The Quint ཟེར་བའི་གསར་འགྱུར་བརྒྱུད་ལམ་ནང་སྤེལ།  དོན་དངོས་སུ། གནས་ཚུལ་དེ་དག་ཡོངས་རྫོགས་མི་བདེན་རྫུན་སྒྲིག་བྱས་པ་ཞིག་ལས་མ་འདས་པ་ཀུན་གྱིས་ཤེས་བཞིན་ཡོད་ཀྱང་།  ཁོ་པས་འདི་ལྟར་རྟོག་བཟོ་འབའ་ཞིག་ལ་གཞི་བཅོལ་ནས་གཞི་རྩ་གང་ཡང་མེད་པ་དང་ཧ་ཅང་ཐལ་ཆེས་པའི་རྩོམ་ཡིག་འདྲ་མིན་འདི་ལྟར་འབྲི་དགོས་དོན་གང་ཡིན་ནམ”ཞེས་གསུངས་འདུག

དྭགས་པོ་བསོན་ནམས་ནོར་བུས་འཆལ་གཏམ་དེ་དག་ཕྱིར་འཐེན་དགོས་སྐོར་གསུང་དོན། “རཱ་ཇིབ་ཤརྨས་འཆལ་གཏམ་འདྲ་མིན་སྔ་ཕྱིར་མུ་མཐུད་སྤེལ་པའི་གནས་ཚུལ་དེ་དག་ནི། དངོས་བདེན་རྩ་བ་ནས་མིན་པ་མ་ཟད། ཤིན་ཏུ་མ་འོས་པའི་མ་རུང་ཁོག་བཅངས་ཀྱི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། རྩོམ་ཡིག་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། བོད་པའི་གནས་ཚུལ་ལ་རྒྱུས་མངའ་མེད་པའི་སྐྱེ་བོ་རྣམས་ལོག་ལམ་དུ་འཁྲིད་དེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་ཆེ་མཐོང་ཉམ་དམས་སུ་གཏོང་ཆེད་ཁོ་ན་ཡིན་པ་གསལ་པོ་རེད། རཱ་ཇིབ་ཤརྨས་ཕྱི་ཟླ་༡༡ ཚེས་༢༧ ཉིན་སྤེལ་བའི་རྩོམ་ཡིག་དེ་ཕྱིར་འཐེན་བྱེད་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་བྱས་པ་དེ་དག་ཁོ་པའི་བརྒྱུད་ལམ་ནང་དུ་བཀོད་ནས་ངེས་པར་དུ་ནོར་བ་ངོས་ལེན་གྱིས་དགོངས་སེལ་ཞུ་དགོས་”ཞེས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༢༣༧ ཀློག་གྲངས།