རྒྱ་གར་གྱི་གཞུང་འཛིན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་འདུག

ཕྱི་ལོ་༢༠༡༤ ལོར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་བླངས་ནས་གཞུང་འཛིན་ཚོགས་པ་ཆགས་མཁན་བྷི་ཇི་བྷི་སྲིད་དོན་ཚོགས་པར། འདི་ལོར་མངའ་སྡེ་ཁག་གི་འོས་བསྡུའི་ནང་ཕམ་ཁ་ཆེན་པོ་བྱུང་འདུག་པ་དང་། འོས་བསྡུའི་གྲུབ་དོན་དེས་ལོ་རྗེས་མའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག

ཟླ་༡༢ པའི་ཚེས་༡༡ ཉིན་རྒྱ་གར་གྱི་མངའ་སྡེ་རཱ་ཇི་སི་ཐན་དང་ཆཱ་ཏི་སེ་གྷར། མཱ་ཌི་ཡ། དེ་བཞིན་མཱི་ཛོ་རམ་དང་ཏཱི་ལ་གྷ་ན་བཅས་སུ། མི་མང་གིས་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་བྱས་ཡོད་པ་རེད།

འོས་བསྡུའི་གྲུབ་དོན་མངའ་སྡེ་ཆཱ་ཏེ་སི་གྷར་དང་རཱ་ཇི་སི་ཐན་གཉིས་ནང་དུ། ཕྱོགས་འགལ་ཚོགས་པ་ཆེ་ཤོས་ཀོང་རི་སེར་དགོས་ངེས་རྐུབ་སྟེགས་མང་ཤོས་ཐོབ་ནས། མངའ་སྡེའི་གཞུང་འཛིན་སྲིད་དོན་ཚོགས་པ་ཆགས་རྒྱུ་ཡིན་འདུག་པ་དང་། མཱ་ཌི་ཡ་མངའ་སྡེའི་ནང་ཀོང་རི་སེར་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་ཆགས་ཡོད་པ་དང་། ཕྱོགས་འགལ་ཚོགས་པ་ཆུང་བ་གཉིས་ཀྱིས་ཀྱང་ཀོང་རི་སེ་དང་ཟླ་སྒྲིལ་བྱས་ཏེ་གཞུང་འཛིན་སྲིད་དོན་ཚོགས་པ་བྱེད་རྒྱུ་ཁས་ལེན་བྱས་ཟིན་སྟབས། མངའ་སྡེ་གསུམ་པོ་དེའི་ནང་ཀོང་རི་སེར་རྒྱལ་ཁ་ཆེན་པོ་ཐོབ་འདུག ཕྱི་ལོ་༢༠༡༤ ལོར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར། བྷི་ཇི་བྷི་སྲིད་དོན་ཚོགས་པར་ཧེ་བག་ཆེན་པོའི་ངང་རྒྱལ་ཁ་ཐོབ་རྗེས། མངའ་སྡེ་ཆེ་ཤོས་ཡུ་པི་སོགས་ཀྱི་མངའ་སྡེའི་གྲོས་ཚོགས་འོས་བསྡུར། གཞུང་འཛིན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། ལོ་རྗེས་མའི་ཟླ་བ་ལྔ་པའི་སྔོན་ལ་བྱེད་དགོས་པའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་ལ་ཉེ་བའི་སྐབས། མངའ་སྡེ་གསུམ་ནང་བྷི་ཇི་བྷིར་ཕམ་ཁ་ཆེན་པོ་བྱུང་བ་དེས། མི་མང་གི་བསམ་བློར་ཤུགས་རྐྱེན་ཐེབས་ནས་འོས་བསྡུར་འགྲན་རྩོད་ཆེན་པོ་ཆགས་ཉེན་ཡོད་འདུག ཕམ་ཁ་དེ་ནི་ཕྱི་ལོ་༢༠༡༤ རྗེས་སུ་བྷི་ཇི་བྷིར་བྱུང་བའི་ཕམ་ཁ་ཆེ་ཤོས་དེ་ཆགས་ཀྱི་འདུག་པས། ཕྱོགས་འགལ་ཚོགས་པ་ཚོར་ཡང་བྷི་ཇི་བྷི་སྲིད་དོན་ཚོགས་པ་དེ་འགྲན་ཟླ་བྲལ་བ་ཞིག་མིན་པའི་ངེས་ཤེས་རྙེད་ནས། ལོ་རྗེས་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་ཟླ་སྒྲིལ་བྱས་ཏེ་འོས་བསྡུའི་འགྲན་རྩོད་ཆེན་པོ་བྱེད་པའི་གདེངས་ཚོད་རྙེད་པར་ཡང་ཕན་ཐོགས་ཡོད་པ་རེད་འདུག

དེ་བཞིན་མངའ་སྡེ་གཞན་གཉིས་ཏེ་མཱི་ཛོ་རམ་དང་ཏཱི་ལ་གྷ་ན་གཉིས་ཀྱི་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། ཁག་གཉིས་ཀྱི་མངའ་ཁུལ་སྲིད་དོན་ཚོགས་པ་གཉིས་ལ་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། མངའ་སྡེ་དེ་གཉིས་ནང་ཡང་བྷི་ཇི་བྷི་ལས་ཀོང་རི་སེར་རྐུབ་སྟེགས་མང་བ་ཐོབ་འདུག

བྷི་ཇི་བྷིའི་མཐོ་རིམ་འགོ་ཁྲིད་དང་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡིས་སྤྱི་ཚོགས་བརྒྱུད་ལམ་ཊེའུ་ཊེར་ཐོག་ཏུ། ཀོང་རི་སེ་སྲིད་དོན་ཚོགས་པའི་རྒྱལ་ཁར་དགའ་བསུ་བྱས་ཏེ། མི་མང་གི་བསམ་ཚུལ་ལ་གུས་བརྩིའི་ཐོག་ནས་ངོས་ལེན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཕམ་ནི་མི་ཚེའི་ཆ་ཤས་ཡིན་པས། ཐེངས་འདིའི་འོས་བསྡུའི་གྲུབ་དོན་གྱིས། བྷི་ཇི་བྷི་སྲིད་དོན་ཚོགས་པས་མི་མང་ལ་ཞབས་ཞུ་དང་རྒྱ་གར་འཕེལ་རྒྱས་གཏོང་རྒྱུའི་ཆོད་སེམས་བརྟན་དུ་གཏོང་རྒྱུ་ཡིན་སྐོར་བྲིས་ཡོད་འདུག

ཀོང་རི་སེ་སྲིད་དོན་ཚོགས་པའི་ཚོགས་གཙོ་རཱ་ཧུལ་གྷན་རྡི་ཡིས། ཁོ་ཚོར་རྒྱལ་ཁ་ཐོབ་པའི་མངའ་སྡེ་ཁག་ནང་མི་མང་ཚོ་དགའ་སྤོབས་སྐྱེས་འོས་པའི་འཆར་སྣང་ཞིག་དང་གཞུང་ཞིག་འཛུགས་རྒྱུ་ཡིན་པ་དང་། མི་མང་ནང་དུ་སྲིད་བློན་མཱོ་རྡི་ཡིས་ཁས་ལེན་བྱས་པའི་གནད་དོན་མང་པོ་ཞིག་འགྲུབ་མེད་པའི་བསམ་ཚུལ་ཡོད་སྐོར་བརྗོད་འདུག

བྷི་ཇི་བྷི་སྲིད་དོན་ཚོགས་པ་དེ་རྒྱ་གར་དབུས་གཞུང་འཛིན་ཚོགས་པ་ཆགས་ནས་བཟུང་། རྒྱ་གར་ནང་དུ་ཧིན་རྡུ་རིང་ལུགས་ཀྱི་ལྟ་མཁྲེགས་འཛིན་མཁན་གྱི་ཚོགས་པ་རྣམས་ཀྱིས། སྤྱི་ཚོགས་ནང་མི་མང་བར་ཆོས་ལུགས་དབྱེ་འབྱེད་ཀྱི་ཆབ་སྲིད་གནད་དོན་མང་པོ་བསླངས་ཡོད་པ་དང་། སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས། བྷི་ཇི་བྷི་ཡིས་རྒྱ་གར་ནང་ཧིན་རྡུ་ཆོས་ལུགས་རྗེས་འབྲངས་པ་མང་ཤོས་ཡིན་ཕྱིན། དོན་དངོས་སུ་རྒྱལ་ཁབ་ནང་ལས་ཀ་དང་འཕེལ་རྒྱས་ཆེན་པོ་བསྐྲུན་རྒྱུ་མེད་པར། ཆོས་ལུགས་དབྱེ་འབྱེད་ཀྱི་ཆབ་སྲིད་བཀོལ་སྤྱོད་བྱས་ཏེ། གཞུང་འཛིན་ཐབས་བྱེད་བཞིན་ཡོད་པ་བརྗོད་བཞིན་ཡོད་པ་དང་། ཐེངས་འདིའི་ཕམ་ཁ་དང་འབྲེལ་ནས་དཔྱད་བརྗོད་པ་ཁག་ཅིག་གིས། འོས་བསྡུའི་གྲུབ་དོན་དེས་མི་མང་གིས་ཧིན་རྡུ་རིང་ལུགས་ཀྱི་ལྟ་བ་མཁྲེགས་པོ་ལ་མགོ་འཁོར་གྱི་མེད་པའི་བརྡ་གསལ་པོ་བསྟན་ཡོད་པ་དང་། འདས་པའི་ལོ་ལྔ་ཙམ་གྱི་རིང་རིགས་དང་ས་ཁུལ། ཆོས་ལུགས་མི་འདྲ་བ་མི་མང་རྣམས་ཀྱིས། ཁོང་ཚོར་ལས་ཀ་དང་འཕེལ་རྒྱས་སོགས་གང་ཡང་ཐོབ་མེད་པའི་ངེས་ཤེས་རྙེད་ཡོད་སྐོར་བརྗོད་འདུག

མངའ་སྡེ་ཆཱ་ཇི་སེ་གྷར་ནང་དུ་བྷི་ཇི་བྷི་སྲིད་དོན་ཚོགས་པས་ལོ་༡༥ ཡི་རིང་གཞུང་འཛིན་བྱས་ཡོད་ཀྱང་། ཐེངས་འདིར་ཀོང་རི་སེ་ཡིས་ཧེ་བག་ཆེན་པོའི་ངང་རྒྱལ་ཁ་བླངས་ཡོད་པ་དེས། མི་མང་གིས་བྷི་ཇི་བྷི་ལ་གདེངས་ཚོད་བརླག་པའི་བརྡ་གསལ་པོ་བསྟན་པ་རེད་འདུག

རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་ཨཱ་རུན་ཇཱི་ཌ་ལི་ཡིས། བྷི་ཇི་བྷི་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་རྒྱབ་སྐྱོར་བ་ཚོས། ཐེངས་འདིའི་འོས་བསྡུའི་གྲུབ་དོན་ལ་གཞིགས་ནས་དཔྱད་ཞིབ་ནན་པོ་བྱས་ནས། ལོ་རྗེས་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་མ་སླེབས་པའི་སྔོན་དུ། དགོས་ངེས་ཀྱི་འགྲིག་བཅོས་བྱས་ཏེ་ལས་དོན་སྤེལ་རྒྱུ་ཡིན་སྐོར་དང་། ཐེངས་འདིའི་ཕམ་ཁ་ཡིས་ལོ་རྗེས་མར་རྒྱལ་ཁ་ཐོབ་པའི་རེ་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་རྒྱུ་མིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༤༣༩ ཀློག་གྲངས།