ནིའུ་ཡོག་མཉམ་འབྲེལ་རྒྱལ་ཁབ་ལས་ཁུངས་ནང་བོད་དོན་ཞུ་གཏུགས།

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་བདུན་བཅུ་པ་སྲུང་བརྩི་དང་སྟབས་བསྟུན། ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་ཁུང་ཨ་མའི་ནང་དུ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་ཞུ་གཏུག་བྱས་ཡོད་པ་རེད།

དེ་ཡང་འབྲེལ་ཡོད་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ཞུ་གཏུགས་སླད། ཟླ་བ་གཅིག་ཙམ་རིང་སྙན་ཞུ་དང་། ཡིག་ཆ་གྲ་སྒྲིག་ཞུས་པ་ལྟར། ཕྱི་ཟླ་༡༢ པའི་ཚེས་༡༠ ཉིན་གྱི་ཕྱི་དྲོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་སྐབས། ནིའུ་ཡོག་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་ལྷ་རྒྱལ་དང་། ཚོགས་གཞོན་བསམ་དགའ། དྲུང་ཆེ་བསྟན་འཛིན་ཚེ་ལྷ་བཅས་ཀྱིས་བོད་ནང་རྒྱ་ནག་གིས་བཙན་འཛུལ་དང་། རང་དབང་ལ་དམ་དྲག ཁོར་ཡུག་གཏོར་གཤིག་བྱས་པའི་སྐོར་དང་། བོད་མིའི་ངོ་རྒོལ་སྤྱི་དང་སྐུ་ལུས་མེར་སྲེག་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་ནས། ད་བར་སྐུ་ལུས་མེར་སྲེག་གནང་མཁན་ཚོའི་སྐུ་པར་དང་ལོ་རྒྱུས་སྐོར་གྱི་དེབ་ཕྱོགས་སྒྲིག་ཡར་ཕུར་ཡོད་པ་རེད།

ཚོགས་འདུ་གྲོལ་རྗེས་ལྷན་ཚོགས་ཀྱི་མི་སྣ་ཁག་ཅིག་ཚུར་ཐུག་སར་ཡོང་སྟེ། འཚམས་འདྲི་དང་བོད་དོན་སྐོར་ལ་སྐད་ཅ་འདྲི་བ་སོགས་བྱས་ཡོད་པ་དང་། དེ་ནི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རྒྱལ་ཚོགས་ལས་ཁུངས་ཨ་མའི་ནང་བོད་དོན་ཞུ་གཏུགས་ཐེངས་བཞི་པ་དེ་ཡིན་པ་རེད། བརྙན་ཐུང་།

ཟླ་འདིའི་ཚེས་༡༠ ཉིན་ནིའུ་ཡོག་ས་གནས་གཞོན་ལྷན་གྱི་གོ་སྒྲིག་སྣེ་ཁྲིད་འོག མཉམ་འབྲེལ་རྒྱལ་ཁབ་མདུན་དུ་རྒྱ་ནག་གི་བོད་དབང་བསྒྱུར་ལ་ངོ་རྒོལ་ཁྲོམ་སྐོར་ཡང་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༩༡༡ ཀློག་གྲངས།