ཞི་བདེའི་གཟེངས་རྟགས་དང་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༢༩   ཕྱི་ལོ་ ༢༠༡༨/༡༢ /༡༢

ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༡༢ ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་༢༩ འཁོར་བ་རེད། སྤྱིར་ནོ་སྦེལ་ཞི་བདེའི་གཟེེངས་རྟགས་ནི་འཛམ་གླིང་གི་ནང་ནས་ཞི་བདེའི་གཟེངས་རྟགས་ཆེས་ཆེ་ཤོས་དེ་ཡིན་པ་དང་། ལོ་ལྟར་ཤར་ནུབ་གང་ས་ནས་འཛམ་གླིང་ཞི་བདེའི་ཆེད་བྱས་རྗེས་འཇོག་མཁན་གྱི་ཚོགས་པ་དང་མི་སྒེར་བཅས་ལ་གནང་སྲོལ་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཡོད་པའི་ནང་ནས། ༧གོང་ས་མཆོག་ནི་དམིགས་བསལ་གྱི་ཆེ་མཐོང་དང་ནུས་པ་ཡོད་པའི་རླབས་ཆེན་གྱི་དབུ་ཁྲིད་ཁྱད་པར་ཅན་ཞིག་ཡིན་པ་དང་། གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༢༩ ཧྲིལ་པོའི་རིང་མུ་མཐུད་འཛམ་གླིང་ཞི་བདེའི་དབུ་ཁྲིད་འགྲན་ཟླ་དང་བྲལ་ཞིང་ཆེས་གུས་བཀུར་ཞུ་ས་ཞིག་ཏུ་གྱུར་ཡོད་པ་ལས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་རྗེས་སུ་གླེང་རྙོག་ཡོད་མཁན་གྱི་མི་སྣ་ཡང་བྱུང་མ་མྱོང་བ་མིན།

༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་རྗེས་སུ་༧གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་གི་ཁྱོན་དུ་དར་ཁྱབ་ཆེ་རུ་སོང་ཡོད་པ་དང་། ༧གོང་ས་མཆོག་གི་མཛད་འཕྲིན་གྱི་མཉམ་དུ་བོད་ཀྱི་གནད་དོན་དེ་ཡང་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཤུགས་ཆེ་བྱུང་ཡོད། དེར་བརྟེན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་བྱས་པ་ཙམ་མ་ཡིན་པར། དུས་འདི་ནས་བཟུང་བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དང་འགྱུར་ལྡོག་གསར་པ་ཞིག་བྱུང་ནས། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དུ་སླེབས་པ་མ་ཟད། འཛམ་གླིང་ཤར་ནུབ་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཁྲོད་དར་ཁྱབ་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བའི་དཀྱོག་མཚམས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དེར་བརྟེན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་ཉིད་བོད་ཀྱི་ལོ་རྒྱུས་ནང་ནས་ཆེས་གལ་གནད་ཆེ་བའི་ལེའུ་ཞིག་ཏུ་གྱུར་ཡོད་པ་ནི། བོད་མི་སྤྱི་ཡོངས་ནས་ངེས་པར་དུ་ངོས་འཛིན་ཐུབ་དགོས་པ་ཞིག་རེད།

ད་དུང་༧གོང་ས་མཆོག་གི་མཛད་འཕྲིན་ནི་སྤྱི་ཡོངས་ནས་བོད་ཀྱི་གནད་དོན་གལ་ཆེ་འབའ་ཞིག་དང་འབྲེལ་བ་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་གི་ཁྱོན་ཡོངས་སུ་བོད་པ་དང་བོད་དོན་ལ་ངོས་འཛིན་ནི། རྒྱ་ཆེ་ས་ནས་༧གོང་ས་མཆོག་གི་མཛད་འཕྲིན་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར་ཟིན་ལ། བོད་པའི་མི་འབོར་ལ་ལྟོས་པས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་མང་ཞིག་ཏུ་བོད་པ་གང་འཚམ་ཞིག་གནས་སྡོད་བྱེད་མཁན་བྱུང་དང་འབྱུང་བཞིན་ཡོད། ད་བར་༧གོང་ས་མཆོག་གི་མཛད་སྤྱོད་ནི་བོད་པའི་རྣམ་པ་དང་ངོ་བོའི་མཚོན་བྱེད་ལྟ་བུར་གྱུར་ཡོད་པ་བཞིན། མ་འོངས་པར་བོད་པ་དེ་དག་གི་བྱེད་སྟངས་དང་རྣམ་པ་དེས་ཀྱང་༧གོང་ས་མཆོག་གི་མཛད་པ་ཚད་འཇལ་བྱེད་ལྟ་བུར་འགྱུར་ངེས་པས། རྒྱ་བལ་འབྲུག་གསུམ་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་མི་ཚང་མས་གཞི་རྩ་འདིའི་ཐོག་ནས་བསམ་བློ་གཏོང་མ་ཐུབ་ན། བོད་མི་མ་རབས་རེ་ཟུང་གི་བྱེད་སྟངས་ལ་བརྟེན་ནས་༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་མང་པོ་ཡོང་སྲིད་པ་ནི་བཟློག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་མཚན་སྙན་གྲགས་དང་ནུས་སྟོབས་ལ་ཕྱོགས་ཙམ་འགྲན་བཟོད་མཁན་ཞིག་ད་བར་གཏན་ནས་བྱུང་མྱོང་མེད་ལ། མ་འོངས་པར་ཡང་འབྱུང་མི་སྲིད་པ་ནི་བོད་པ་ཚང་མས་ཤེས་པས། ༧གོང་ས་མཆོག་གི་མཚན་སྙན་གྲགས་དེ་གང་ཟག་སྒེར་གྱི་ཁེ་ཕན་ཆེད་བེད་སྤྱོད་བྱེད་མཁན་ཡང་མཐོང་རྒྱུ་ཡོད་པ་དང་། རང་ཉིད་ཀྱི་སྣང་བར་མི་འགྲོ་བ་དག་ཨུ་ཚུགས་མཐར་སྐྱེལ་གྱིས་༧གོང་ས་མཆོག་ལ་དད་མོས་དང་དགའ་ཞེན་མེད་མཁན་ཡིན་ཚུལ་སྒྲོག་གང་ཐུབ་བྱེད་མཁན་ནི་མང་ནས་མང་དུ་འགྲོ་གི་ཡོད། བྱེད་སྟངས་འདི་འགྲིག་དང་མི་འགྲིག་གི་གནད་དོན་ཙམ་མིན་པར་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་མཚན་མཐོང་དང་གཟི་བརྗིད་ཅི་ཙམ་ཡོད་པ་མཚོན་བྱེད་དུ་གྱུར་ཡོད། འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་དང་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་གཉིས་བསྡུར་ན་༧གོང་ས་མཆོག་ལ་དད་གུས་དང་དགའ་ཞེན་གྱི་གཞི་རྩ་གཉིས་བསྡུར་ཐབས་གཏན་ནས་མེད་པས། བོད་པ་ཚོས་གནད་དོན་འདིའི་ཐོག་ལ་བསམ་གཞིག་ངེས་པར་དུ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་པས་༧གོང་ས་མཆོག་ལ་དད་གུས་དང་དགའ་ཞེན་བྱེད་པ་ནི། ༧གོང་ས་མཆོག་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཀྱི་རྣལ་རོལ་ཡིན་པ་དང་། ༧གོང་ས་སྐུ་ཕྲེང་ན་རིམ་དང་བོད་ཀྱི་ལོ་རྒྱུས་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་སྟབས། གཞི་རྩ་དེའི་ཐོག་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་པོ་ཞིག་དང་འབྲེལ་བ་ཡོད། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ལ་མཚོན་ན་སྤྱི་ཡོངས་ནས་ཨ་གསར་ཆེ་བ་མ་ཟད། ༧གོང་ས་མཆོག་གི་ཀུན་སྤྱོད་དེ་བོད་པའི་ཀུན་སྤྱོད་ཀྱི་ཚད་ཐིག་ལྟ་བུར་ངོས་འཛིན་བྱེད་བཞིན་པ་དང་། བོད་པའི་ཀུན་སྤྱོད་ངན་པ་མང་པོ་མཐོང་རིམ་བཞིན་བོད་པ་ཙམ་མ་ཡིན་པར་༧གོང་ས་མཆོག་ལའང་སྐུར་འདེབས་བྱེད་མཁན་ཡོང་ངེས་རེད། ༧གོང་ས་མཆོག་ཤཱཀྱའི་དགེ་སློང་ཞིག་ལ་བསྟོད་སྨད་ཀྱི་ཁྱད་པར་གང་ཡང་མེད་ནའང་། ད་ལྟའི་དུས་འདིར་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་དོན་གཉིས་ཁ་འབྲལ་ཐབས་མེད་པར་གྱུར་ཟིན་སྟབས། བོད་པ་སྤྱི་ཡོངས་ལ་༧གོང་ས་མཆོག་དང་གཅིག་མཚུངས་ཀྱི་ཀུན་སྤྱོད་ཅིག་མེད་ནའང་། ཁོང་གི་ཞབས་འདྲེན་དུ་མ་གྱུར་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།།

Share this:
༤༧༧ ཀློག་གྲངས།