བཙན་དབང་འཁྲིག་སྤྱོད་ཀྱི་ཉེས་འཛུགས་འོག་ཡོད་པའི་ཡེ་ཤུ་བླ་ཆེན་གཉིས་གོ་གནས་བཅག་འདུག

ཡེ་ཤུ་ཁེ་ཐོ་ལེག་གི་ཆོས་དཔོན་དང་བླ་ཆེན་སོགས་མང་པོ་ཞིག བྱིས་པ་གཙོས་པའི་རྗེས་འབྲངས་པ་མང་པོ་ཞིག་ལ་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་བའི་གནས་ཚུལ་མང་པོ་ཞིག རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཐོན་བཞིན་པ་དང་བསྟུན། ཡེ་ཤུ་བླ་དཔོན་ལ་སློབ་སྟོན་བྱེད་མཁན་འཁོར་ཚོགས་ནས། བཙན་དབང་འཁྲིག་སྤྱོད་ཀྱི་ཉེས་འཛུགས་འཕོག་ཡོད་པའི་བླ་ཆེན་གཉིས་གནས་དབྱུང་བཏང་ཡོད་འདུག

ཟླ་༡༢ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡེ་ཤུ་ཁེ་ཐོ་ལེག(Catholic) གི་བླ་དཔོན་ཧྥེ་རན་སི་སས། ཁོང་ལ་ལམ་སྟོན་བྱེད་མཁན་གྱི་བླ་ཆེན་འཁོར་ཚོགས་(Cardinals) ནས་བླ་ཆེན་གསུམ་གོ་གནས་དེ་ནས་གནས་དབྱུང་བཏང་ཡོད་འདུག ཁོང་གི་ལས་ཁུངས་ཀྱི་གསལ་བསྒྲགས་ནང་བླ་ཆེན་གསུམ་པོ་ལོ་ཆེན་པོ་སླེབས་པའི་རྒྱུ་མཚན་གྱིས་གོ་གནས་དེ་ནས་གནས་དབྱུང་བཏང་བ་ཡིན་སྐོར་བསྒྲགས་འདུག་ཀྱང་། བརྒྱུད་ལམ་ཁག་ཏུ་གནས་དབྱུང་བཏང་བའི་ཁོངས་ནས་བླ་ཆེན་གཉིས་ལ་བཙན་དབང་འཁྲིག་སྤྱོད་ཉེས་འཛུགས་འོག་ཡོད་པས། ཁོང་གཉིས་གནད་དོན་དེ་དང་ཐུག་པ་ཡིན་སྐོར་བརྗོད་བཞིན་འདུག

བླ་ཆེན་འཁོར་ཚོགས་རྣམས་བླ་དཔོན་གྱིས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་དང་། ཁོང་ཚོར་བླ་ཆེན་སྐབས་རྗེས་མ་དེ་འདེམས་སྒྲུག་བྱེད་པའི་དབང་ཚད་ཡོད་པ་རེད་འདུག

ལོ་ན་༧༧ ལ་སོན་པའི་ཨོ་སི་ཀྲོ་ལི་ཡའི་བླ་ཆེན་ཇོར་ཇེ་པཱིལ་ལ། ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་བཙན་དབང་འཁྲིག་སྤྱོད་མང་པོར་འཇུག་པའི་ཉེས་འཛུགས་འོག ཉེན་རྟོག་པས་རྟོག་ཞིབ་བྱེད་བཞིན་འདུག་པ་དང་། རྟོག་ཞིབ་འགྲོ་བཞིན་ཡོད་པས་ཁོང་ཨོ་སི་ཀྲོ་ལི་ཡའི་ཡེ་ཤུ་ཆོས་ཁང་ནས་དགོངས་པ་བཏང་འདུག ཁོང་གིས་ཉེས་འཛུགས་དེ་དག་ལ་ངོས་ལེན་བྱས་མེད་པ་དང་། ད་ལྟའི་ཆར་ཁོང་ཡེ་ཤུ་ཁེ་ཐོ་ལེག་གི་དབུས་འཛིན་སྐྱོང་ལས་ཁུངས་ཀྱི་དངུལ་གཉེར་གྱི་ལས་འགན་མུ་མཐུད་འཁུར་བཞིན་འདུག

དེ་བཞིན་བཙན་དབང་འཁྲིག་སྤྱོད་ཀྱི་ཉེས་འཛུགས་འོག་ནས་གནས་དབྱུང་བཏང་བའི་རང་ལོ་༨༥ སོན་པའི་ཆཱི་ལཱི་བླ་ཆེན་ཧྥེ་རན་སི་སས་ཇ་ཝིར་ལ། མངའ་ཁུལ་ཞིག་གི་མཁན་ཆེན་བྱེད་བཞིན་པའི་སྐབས་སུ། ཆོས་དཔོན་སོགས་ཀྱིས་བཙན་དབང་འཁྲིག་སྤྱོད་བྱས་པའི་གནས་ཚུལ་སྦས་ཡོད་པའི་ཉེས་འཛུགས་འོག ཆཱི་ལིའི་གཞུང་གི་ཁྲིམས་ཞིབ་པ་ཚོས་རྟོག་ཞིབ་བྱེད་བཞིན་པ་ཡོད་པ་དང་། ཁོང་གིས་ཀྱང་ཉེས་འཛུགས་དེ་དག་ལ་ངོས་ལེན་བྱས་མི་འདུག

ཉེ་བའི་ལོ་ཤས་གོང་ནས་ཡེ་ཤུ་ཁེ་ཐོ་ལེག་གི་ཆོས་འབྲེལ་མི་སྣ་མང་པོས། རྒྱུན་རིང་པོ་ཞིག་ནས་བྱིས་པ་གཙོས་པའི་རྗེས་འབྲངས་པ་སྟོང་ཕྲག་མང་པོར། བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་བའི་བློ་ཡུལ་ལས་འདས་པའི་གནས་ཚུལ་མང་པོ་ཞིག་ཕྱིར་ཐོན་ནས། རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ཡེ་ཤུ་བླ་དཔོན་ལ་གནོན་ཤུགས་ཆེན་པོ་སླེབས་ཡོད་པ་རེད།

འདི་ལོའི་ཟླ་༩ པའི་ནང་ འཇར་མན་ཁེ་ཐོ་ལེག་(Catholic) གི་མཁན་པོའི་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༤༦ ནས་༢༠༡༤ བར་འཇར་མན་ནང་། ཡེ་ཤུའི་ལྷ་ཁང་ཁག་གི་ཆོས་དཔོན་སོགས་ཆོས་བྱེད་མི་སྣ་ཚོས་ཕྲུ་གུ་ལ་བཙན་དབང་འཁྲིག་སྤྱོད་བྱས་པའི་གནད་དོན་ཁྱབ་ཆེ་ཆུང་གི་ཞིབ་འཇུག་ཅིག་ལ་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་དེའི་གཙུག་ལག་སློབ་གཉེར་ཁང་གསུམ་གྱིས་ཞིབ་འཇུག་བྱས་ཏེ་གྲུབ་དོན་སྙན་ཐོ་བཏོན་པའི་ནང་། འཇར་མན་གྱི་ཆོས་གཞིས་༢༧ ལས་ཐོབ་པའི་ཡིག་ཆ་༣༨༠༠༠ ལ་ཞིབ་འཇུག་བྱས་པ་བརྒྱུད། ཕྱི་ལོ་༡༩༤༦ ནས་༢༠༡༤ བར་ཆོས་དཔོན་དང་ཆོས་བྱེད་མི་སྣ་༡༦༧༠ ལྷག་གིས་ཕྲུ་གུ་ལོ་ཆུང་༣༦༧༧ ལ་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བྱས་ཡོད་འདུག་པ་དང་།  དེ་བཞིན་ཡིག་ཆ་མང་པོ་ཞིག་མེད་པ་བཟོས་ཡོད་ཁར། མང་པོ་ཞིག་བཅོས་བསྒྱུར་བྱས་ཡོད་པས། བཙན་དབང་འཁྲིག་སྤྱོད་ཀྱི་གྲངས་འབོར་ལག་སོན་བྱུང་བ་ལས་མང་བ་ཡིན་སྲིད་པ་དང་། གནོད་འཚེ་གཏོང་མཁན་བརྒྱ་༣༨ མ་གཏོགས་ཁྲིམས་ཐོག་ལ་བསྐྱལ་ཐུབ་མེད་ཁར། མང་པོ་ཞིག་ལ་ཉེས་ཆད་ཆུང་ཆུང་ལས་ཐོབ་མི་འདུག དེ་བཞིན་ལག་སོན་བྱུང་བའི་གནད་དོན་དེ་དག་ཁྲོད། གནད་དོན་༦ རེ་ལས་༡ རེ་བཙན་གཡེམ་གྱི་གནད་དོན་ཡིན་འདུག་པ་དང་། གནོད་འཚེ་འཕོག་ཡུལ་མང་ཆེ་བ་ཕྲུ་གུ་བུ་ལོ་༡༣ དང་དེ་ལས་ཆུང་བ་ཡིན་འདུག  གནོད་འཚེ་གཏོང་མཁན་ཆོས་བྱེད་མི་སྣ་དེ་དག་ཆོས་ཚོགས་ཀྱིས་ས་གནས་གཞན་ལ་གནས་སྤོ་བྱས་མ་ཟད། ས་གནས་དེ་གར་ཆོས་བྱེད་མི་སྣ་དེ་དག་གི་སྤྱོད་པའི་ཐད་ཉེན་བརྡ་ཡང་བཏང་མྱོང་མེད་སྐོར་འཁོད་ཡོད་འདུག

དེ་བཞིན་ཟླ་༨ པའི་ནང་ཨ་རིའི་མངའ་སྡེ་པཱེན་སིལ་ཝེ་ནི་ཡ་(Pennsylvania) ཁྲིམས་ཁང་ཞིག་གི་བཤེར་དཔང་ལྷན་ཚོགས་ཀྱིས། ལོ་གཉིས་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་བཏོན་ནས་གསར་འགོད་ལྷན་ཚོགས་བསྐོངས་ཡོད་པ་དང་། སྙན་ཐོའི་ནང་མངའ་སྡེ་དེའི་ཆོས་གཞིས་༦ ནང་གི་ཡེ་ཤུ་ཁེ་ཐོ་ལེག་ཆོས་དཔོན་ཚོས་འདས་མ་ཐག་པའི་ལོ་༧༠ ཡི་ནང་ཕྲུ་གུ་༡༠༠༠ ལས་མང་བར། ཁོང་ཚོས་བཙན་དབང་འཁྲིག་སྤྱོད་བྱས་ཡོད་པ་དང་། གྲུབ་དོན་དེ་དག་ལྷ་ཁང་གི་གྲངས་ཐོ་ལ་གཞིགས་ནས་གསལ་པོ་ཆགས་ཡོད་ཁར། ད་དུང་སྙན་སེང་མ་ཞུས་མཁན་གནོད་འཚེ་འཕོག་ཡུལ་ཕྲུག་གུ་སྟོང་ཕྲག་མང་པོ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག བཤེར་དབང་ལྷན་ཚོགས་ཀྱིས་ནག་ཉེས་པ་ཆོས་དཔོན་༣༠༠ ལས་མང་བ་མིང་འདོན་བྱས་འདུག་པ་དང་། ལོ་མང་རིང་ཕྲུ་གུར་བཙན་དབང་འཁྲིག་སྤྱོད་ཀྱི་གནད་དོན་ལྷག་སྐབས། མཐོ་རིམ་ཆོས་དཔོན་ཚོས་གནད་དོན་དེ་རིགས་ཕྱིར་མི་ཐོན་པའི་ཆེད་དུ། གནོད་འཚེ་འཕོག་ཡུལ་དང་ཉེན་རྟོག་པ་སོགས་ཀྱི་ཁ་བཀག་ཡོད་སྐོར་བརྗོད་འདུག གནོད་འཚེ་འཕོག་ཡུལ་ནང་ཕྲུ་གུ་བུ་དང་བུ་མོ། དེ་བཞིན་གཞོན་སྐྱེས་རྣམས་ཀྱང་ཡོད་འདུག གནོད་འཚེ་འཕོག་ཡུལ་མང་པོ་ཞིག་གིས་ཆོས་དཔོན་ཚོས་ཁོ་ཚོར་བཟི་སྨན་སྤྲད་པའམ་གཡོ་བྱུས་འོག་བཙན་དབང་འཁྲིག་སྤྱོད་བྱས་ཡོད་པ་དང་། ཁག་ཅིག་གིས་གནད་དོན་དེ་རིགས་རང་གི་ནང་མིར་བརྗོད་སྐབས། ཡིད་ཆེས་མ་བྱས་པར་རྡུང་རྡེག་མྱངས་དགོས་བྱུང་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༦ ལོའི་སྙན་ཐོ་ཞིག་ལ་གཞིགས་ན། སྐབས་དེར་འཛམ་གླིང་ཁྱོན་ཡོངས་ནང་ཡེ་ཤུ་ཁེ་ཐོ་ལེག་རྗེས་འབྲངས་པ་ཐེར་འབུམ་༡.༣ ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༩༤༠ ཀློག་གྲངས།