ཧྥ་རན་སིར་དྲག་རྒོལ་བྱེད་མཁན་དེ་ཉེན་རྟོག་པས་བསད་འདུག

ཧྥ་རན་སིའི་གྲོང་ཁྱེར་སཱེ་ཀྲེར་སི་བྷོག་ཏུ། མི་མང་ནང་མེ་མདའ་བརྒྱབ་ནས་དྲག་སྤྱོད་སྤེལ་བའི་གནད་དོན་དེ་དང་འབྲེལ་བའི་དོགས་ཡོད་མི་སྣ་དེས། ཉེན་རྟོག་པ་དང་མེ་མདའ་རྒྱག་རེས་བྱས་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་ཡོད་འདུག་པས། ཁུལ་དེའི་ཡེ་ཤུ་སྟོན་པའི་འཁྲུངས་སྐར་དུས་ཆེན་གྱི་ཁྲོམ་ར་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་འདུག

ཟླ་༡༢ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༡༢ ཉིན་ཧྥ་རན་སིའི་གྲོང་ཁྱེར་སཱེ་ཀྲེར་སི་བྷོག་ཏུ་ཡོད་པའི་སྐད་གྲགས་ཅན་གྱི་ཡེ་ཤུ་སྟོན་པའི་འཁྲུངས་སྐར་ཆེད་ཀྱི་ཁྲོམ་རར། མི་མང་པོ་ཞིག་ཅ་དངོས་ཉོ་ཚོང་ལ་འཇུག་བཞིན་པའི་སྐབས། དྲག་སྤྱོད་པ་ཞིག་གིས་མི་མང་དཀྱིལ་དུ་མེ་མདའ་བརྒྱབ་པ་དང་། དེ་བཞིན་གྲི་བརྒྱབ་པ་སོགས་བྱས་ཏེ། དེ་མ་ཐག་མི་གཉིས་བསད་པ་དང་། མི་གྲངས་༡༤ ལ་རྨས་སྐྱོན་བཟོས་ཡོད་པ་རེད། རྗེས་སུ་ཉེན་རྟོག་པ་སླེབས་ནས་ཕར་རྒོལ་བྱས་སྐབས་མི་དེ་བྲོས་ཕྱིན་ཡོད་པ་རེད། རྨས་སྐྱོན་ཕོག་པའི་མི་མང་ནས་མི་གཅིག་རྗེས་སུ་གྲོངས་ཡོད་པས། དྲག་རྒོལ་དེའི་ཁྲོད་མི་གསུམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ད་ལྟའི་ཆར་མི་༥ གནས་སྟངས་ཛ་དྲག་ངང་ལྷག་ཡོད་པ་རེད་འདུག

དྲག་རྒོལ་གྱི་གནད་དོན་དེ་ལྷག་པའི་རྗེས་སུ། ཉེན་རྟོག་པ་དང་། དམག་མི། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་རུ་ཁག་བཅས་བདེ་སྲུང་མི་སྣ་བརྒྱ་ཕྲག་མང་པོས། དྲག་རྒོལ་པ་དེ་འཛིན་བཟུང་བྱེད་པའི་ལས་དོན་ཁྱབ་ཆེན་སྤེལ་ཡོད་ཀྱང་། དྲག་རྒོལ་གྱི་གནས་ཚུལ་བྱུང་བའི་ཉིན་གཉིས་ཀྱི་རྗེས་སུ་མ་གཏོགས་དོགས་ཡོད་མི་སྣ་དེ་རྙེད་མེད་པ་རེད་འདུག

དེ་ཡང་ཟླ་༡༢ པའི་ཚེས་༡༤ ཉིན་ཉེན་རྟོག་པས་དོགས་ཡོད་མི་སྣ་ཆཱེ་རི་ཧྥེ་ཆཱེ་ཀཌ་འདྲ་བོ་ཡོད་པའི་མི་ཞིག་མཐོང་ནས། མི་དེར་དྲི་རྩད་བྱེད་པར་འགྲོ་སྐབས། མི་དེས་ཉེན་རྟོག་པར་མེ་མདའ་བརྒྱབ་སྐབས། ཉེན་རྟོག་པས་ཕར་རྒོལ་བྱས་ཏེ་མི་དེ་བསད་འདུག  ད་ལྟའི་ཆར་མི་དེ་དོགས་ཡོད་མི་སྣ་ཡིན་པར་ངོས་འཛིན་བྱས་འདུག་པ་དང་། དྲག་རྒོལ་གྱི་གནད་དོན་དེ་དང་འབྲེལ་ནས་མི་ལྔ་བཀག་ཉར་བྱས་ཟིན་འདུག

གྲོང་ཁྱེར་དེའི་སྤྱི་ཁྱབ་དཔོན་གྱིས་དྲག་སྤྱོད་པ་དེ་བསད་ཟིན་པ་ཤེས་ནས་མི་མང་རྣམས་བློ་བདེ་པོ་འབྱུང་རྒྱུ་ཡིན་པ་དང་། གྲོང་ཁྱེར་དེའི་ཡེ་ཤུ་སྟོན་པའི་དུས་ཆེན་ཆེད་དུ་ཁྲོམ་ར་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་སྐོར་བརྗོད་འདུག

བསད་ཟིན་པའི་དྲག་སྤྱོད་པ་དེ་ཧྥ་རན་སིའི་མི་སེར་ཡིན་འདུག་པ་དང་། ཧྥ་རན་སི་དང་འཇར་མན། སུད་སི་བཅས་ཀྱི་བདེ་སྲུང་མི་སྣས་ཁོ་ཡི་སྐོར་ལ་ཤེས་རྟོགས་ཡོད་པ་རེད་འདུག ཁོས་དེ་སྔོན་སུད་སི་དང་འཇར་མན་ནང་འཁྲུག་འཛིངས་དང་རྐུན་མ་སོགས་ཁྲིམས་འགལ་བྱ་སྤྱོད་བྱས་རྐྱེན། རྒྱལ་ཁབ་དེ་གཉིས་ཀྱི་བཙོན་ཁང་ནང་དུ་བཅུག་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༧ ལོར་ཁོ་འཇར་མན་ནས་ཧྥ་རན་སིར་ཕྱིར་འབུད་བྱས་འདུག འོན་ཀྱང་རྒྱལ་ཁབ་དེ་གཉིས་ཀྱིས་ཁོ་ནི་རྒྱུན་གཏན་གྱི་ནག་ཉེས་ཅན་ཞིག་ལས། ཁ་ཆེའི་ལྟ་བ་མཁྲེགས་འཛིན་པ་ཞིག་ཡིན་པའི་དོགས་གཞིར་འཛིན་མྱོང་མེད་པ་རེད་འདུག ཧྥ་རན་སིའི་བདེ་སྲུང་མི་སྣས་མི་དེ་ཁ་ཆེའི་ལྟ་བ་མཁྲེགས་འཛིན་པ་ཞིག་ཡིན་པ་སྔོན་ཚོད་ནས་ཤེས་རྟོགས་བྱུང་ནས། དོགས་སྲུང་བྱ་རའི་གྲངས་ཐོའི་ནང་བཅུག་ཡོད་པ་རེད་འདུག

འདི་ལོའི་ནང་ཧྥ་རན་སིར་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཐེངས་གསུམ་བྱུང་འདུག་པ་དང་། དེ་དག་གི་ཁྲོད་དུ་ཁྱོན་མི་མང་༨ ཀྱི་ཚེ་སྲོག་ཤོར་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༡༣༦ ཀློག་གྲངས།