རྔ་པ་ཀིརྟི་དགོན་གྱི་གྲྭ་པ་ཞིག་གི་རྒྱ་རྒོལ།

ཟླ་འདིའི་ཚེས་༡༠ ཉིན་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོས་(རང་ལོ་༡༧) རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ། བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་པར། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་མི་སྣས་མི་མང་གི་མཐོང་སར་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༤ ཉིན་དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སངས་རྒྱས་རྒྱ་མཚོ་འཇུ་བཟུང་རྗེས། གང་དུ་བཀག་ཉར་བྱས་ཡོད་མེད་དང་། གནས་སྟངས་ཅི་ཡིན་གསལ་བོར་ཤེས་རྟོགས་ཐུབ་མེད་པ་རེད། ཁོང་ནི་ཕ་ཡུལ་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་ཡིན་འདུག ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཡིན་ཞིང་། ནང་མིའི་འཚོ་ཐབས་སྔོན་ཆད་འབྲོག་པ་ཡིན་ཡང་དེང་སང་ཀིརྟི་དགོན་མཐའི་གྲོང་ནང་དུ་བབས་ཡོད་འདུག

གཞན་ཡང་གསལ་ལམ་ཁག་ཏུ་ཁོང་གིས་རང་ལུས་མེར་སྲེག་བཏང་ཚུལ་སྒྲོག་གིན་འདུག་ནའང་ཁུངས་ལྡན་གནས་ཚུལ་ལྟར་ན་ངོ་རྒོལ་སྐད་འབོད་བྱས་པ་ལས་རང་ལུས་མེར་སྲེག་བཏང་མེད་པ་དང་། དེ་མིན་ཨ་མདོ་རྔ་པའི་ནང་གནས་ཚུལ་གཞན་པ་རེ་བྱུང་ཡོད་ཚུལ་འདུག་ཀྱང་། ད་ལྟའི་ཆར་ཇི་བཞིན་གསལ་རྟོགས་མ་ཐུབ་ཀྱི་མེད་པ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༨༢ ཀློག་གྲངས།