རྙོག་གྲའི་ནང་ལྷུང་བའི་སྲིད་འཛིན་ཊོམ་གྱི་ཐེབས་རྩ་སྒོ་རྒྱག་རྒྱུ་རེད་འདུག

རྙོག་གྲའི་ནང་ལྷུང་བའི་སྲིད་འཛིན་ཊོམ་གྱི་ཐེབས་རྩ་སྒོ་རྒྱག་རྒྱུ་རེད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱི་ཐེབས་རྩ་ཁང་གི་རོགས་དངུལ་མང་པོ་ཞིག སྒེར་གྱི་ཁེ་ཕན་ཆེད་བེད་སྤྱད་པའི་ཉེས་འཛུགས་བྱུང་ཏེ། ཊོམ་གྱི་ནང་མི་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་ལ་ཞིབ་འཇུག་བྱེད་བཞིན་ཡོད་པས།ཁོ་ཚོས་ཐེབས་རྩ་ཁང་དེ་སྒོ་རྒྱག་རྒྱུར་མོས་མཐུན་བྱས་ཏེ། དེའི་རྒྱུ་དངོས་རྣམས་ཐེབས་རྩ་གཞན་ལ་བགོ་འགྲེམ་བྱ་རྒྱུ་རེད་འདུག

ཟླ་༡༢ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནིའུ་ཡོག་མངའ་སྡེའི་གཞུང་གི་ཁྲིམས་རྩོད་པ་གཙོ་བོས། ཨ་རིའི་སྲིད་འཛིན་ཊོམ་དང་ཁོང་གི་ཕྲུ་གུ་རྒན་ཤོས་གསུམ་གྱིས་ཐེབས་རྩ་ཁང་དེའི་རོགས་དངུལ་མང་པོ་ཞིག སྒེར་གྱི་ཁེ་ཕན་ཆེད་བེད་སྤྱད་པའི་ཉེས་འཛུགས་བྱས་འདུག་ཀྱང་། ཐེབས་རྩ་ཁང་དེའི་ཁྲིམས་རྩོད་པས། ནིའུ་ཡོག་མངའ་སྡེའི་གཞུང་གི་ཁྲིམས་རྩོད་པ་གཙོ་བོས་གནད་དོན་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག
ད་ལྟའི་ཆར་སྲིད་འཛིན་ཊོམ་དང་ཁོང་གི་ནང་མི། དེ་བཞིན་ཉེ་འཁོར་གྱི་མི་རྣམས་ལ་ཁྲིམས་ཞིབ་བྱེད་བཞིན་ཡོད་པ་དང་། དེ་དག་ཁྲོད་གནད་དོན་ཆེ་ཤོས་ཤིག་ནི། ཊོམ་གྱི་སྲིད་འཛིན་འོས་བསྡུའི་རྒྱབ་སྐྱོར་ཚོགས་པ་དང་། ཨུ་རུ་སུ་བར་ལག་སྦྲེལ་བྱས་ཏེ་འོས་བསྡུར་ཤུགས་རྐྱེན་སྤྲད་ཡོད་མེད་ཐད་ཨ་རིའི་གཞུང་གི་རྟོག་ཞིབ་ལས་ཁང་གི་དམིགས་བསལ་རུ་ཁག་གཅིག་གིས་ཞིབ་འཇུག་བྱེད་མུས་ཡིན་པ་དང་། གལ་ཏེ་ཞིབ་འཇུག་གྲུབ་དོན་ཊོམ་གྱི་སྲིད་འཛིན་འོས་བསྡུའི་རྒྱབ་སྐྱོར་ཚོགས་པ་དང་ཨུ་རུ་སུ་བར་ལག་སྦྲེལ་བྱས་ཡོད་པ་དང་། བྱ་སྤྱོད་དེའི་ཐོག་ཊོམ་མཉམ་ཞུགས་བྱས་ཡོད་པའི་དཔང་རྟགས་རྙེད་གསོན་བྱུང་ཚེ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་སྲིད་འཛིན་ཊོམ་གནས་དབྱུང་གཏོང་བའི་ལས་རིམ་འགྲོ་ངེས་ཡིན་པ་རེད།
ཊོམ་ཐེབས་རྩ་ཁྲིམས་ལ་སྐྱེལ་མཁན་ཁྲིམས་རྩོད་པས་བརྗོད་དོན་ལྟར་ན། ཊོམ་གྱི་ཐེབས་རྩ་ཁང་དང་ཁོང་གི་སྲིད་འཛིན་འོས་བསྡུའི་རྒྱབ་སྐྱོར་ཚོགས་པ་བར་མཉམ་ལས་བྱས་པ་དང་། ཐེབས་རྩ་ཁང་དེ་སྒེར་གྱི་ཁེ་ཕན་ཆེད་བེད་སྤྱད་པའི་གནས་ཚུལ་ཡོད་སྐོར་བརྗོད་ནས། སྲིད་འཛིན་ཊོམ་དང་ཁོང་གི་ཕྲུ་གུ་གཉིས་བཅས་ལ་ཁྲིམས་གཏུག་གི་ལས་དོན་མུ་མཐུད་འགྲོ་རྒྱུ་ཡིན་པ་དང་། དེའི་གྲུབ་དོན་དུ་མ་འོངས་པར་ཐེབས་རྩ་ཁང་དེར་ཨ་སྒོར་ས་ཡ་མང་པོ་ཆད་པ་དང་། སྲིད་འཛིན་ཊོམ་དང་ཁོང་གི་ཕྲུ་གུ་རྒན་ཤོས་གསུམ་ལ་ཡང་ཉེས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཊོམ་གྱི་ཐེབས་རྩ་སྒོ་རྒྱག་རྒྱུའི་གྲོས་མཐུན་ནང་། ཐེབས་རྩ་ཁང་དེའི་རྒྱུ་དངོས་རྣམས་ཁྲིམས་ཁང་གི་ལྟ་རྟོགས་འོག མངའ་སྡེའི་གཞུང་གི་ཁྲིམས་རྩོད་ལས་ཁང་གིས་ངོས་ལེན་ཡོད་པའི་ཐེབས་རྩ་ཁང་ཁག་ལ་བགོ་འགྲེམ་བྱེད་དགོས་པ་ཡིན་འདུག
ཊོམ་ཐེབས་རྩ་ཁང་གི་ཁྲིམས་རྩོད་པས་ཐེབས་རྩ་ཁང་དེ་ཕྱི་ལོ་༢༠༡༦ ལོར་ཨ་རིའི་སྲིད་འཛིན་དུ་ཊོམ་འདེམས་ཐོན་བྱུང་རྗེས་སྒོ་རྒྱག་རྩིས་བྱས་ཀྱང་། ནིའུ་ཡོག་མངའ་སྡེ་གཞུང་གི་ཁྲིམས་རྩོད་ལས་ཁང་གིས་དེ་ལྟར་བྱེད་དུ་བཅུག་མེད་པ་དང་། ལས་ཁང་དེའི་ཁྲིམས་རྩོད་པ་གཙོ་བོས་ཐེངས་འདིར་སྒོ་རྒྱག་རྒྱུའི་གནད་དོན་དེ་ཆབ་སྲིད་ངོ་བོར་སྒྱུར་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ། འདས་པའི་ལོ་ངོ་བཅུ་ཕྲག་ནང་ཐེབས་རྩ་ཁང་དེས་སྲིད་འཛིན་ཊོམ་གྱི་སྒེར་དངུལ་ཨ་སྒོར་ས་ཡ་༨.༢༥ ཚུད་པའི་ཨ་སྒོར་ཁྱོན་བསྡོམས་༡༩ ཞིག་རོགས་ཚོགས་མི་འདྲ་བ་༧༠༠ ལས་མང་བར་བགོ་འགྲེམ་བྱས་ཡོད་པས། སྤོབས་པ་ཆེན་པོ་ཡོད་སྐོར་བརྗོད་འདུག འདི་ལོའི་ཟླ་༦ པའི་ནང་སྲིད་འཛིན་ཊོམ་གྱིས་ཐེབས་རྩ་ཁང་གིས་ཁྲིམས་འགལ་གྱི་ལས་དོན་གང་ཡང་བྱས་མེད་པས། མངའ་སྡེ་གཞུང་གི་ཁྲིམས་རྩོད་ལས་ཁང་དང་གྲོས་མཐུན་འཇོག་རྒྱུ་མེད་སྐོར་བརྗོད་ཡོད་ཀྱང་། ཐེངས་འདིར་ཐེབས་རྩ་ཁང་དེ་སྒོ་རྒྱག་རྒྱུར་གྲོས་མཐུན་བྱུང་ཡོད་པ་རེད།
བརྒྱུད་ལམ་ཁག་ཏུ་ནིའུ་ཡོག་མངའ་སྡེའི་གཞུང་གི་ཁྲིམས་རྩོད་ལས་ཁང་གི་ཞིབ་འཇུག་སྙན་ཐོའི་ནང་དུ། ཕྱི་ལོ་༢༠༠༨ ལོ་ནས་ཊོམ་གྱིས་ཐེབས་རྩ་ཁང་དེར་སྒེར་དངུལ་ཞལ་འདེབས་གཅིག་ཀྱང་སྤྲད་མེད་པ་དང་། ཐེབས་རྩ་ཁང་དེའི་དངུལ་འགྲོ་སོང་གཏོང་བར་མིང་རྟགས་འགོད་ཆོག་མཁན་ཁོང་གཅིག་པུ་བཟོས་ཡོད་ཁར། ཐེབས་རྩ་ཁང་དེའི་རོགས་དངུལ་མང་པོ་ཞིག་སྲིད་འཛིན་ཊོམ་གྱི་སྒེར་གྱི་ཁྲིམས་གཏུག་ཁག་ཞི་འགྲིག་ཡོང་ཆེད་བཏང་ཡོད་ཁར། ཕྱི་ལོ་༢༠༡༦ ལོའི་ཟླ་༡ པོའི་ནང་ཐེབས་རྩ་ཁང་དེར་ཨ་སྒོར་ས་ཡ་༢.༨ བྱུང་བ་དེ། ཊོམ་གྱི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་ལ་འགྲོ་སོང་བཏང་སྐོར་འཁོད་ཡོད་འདུག

ཐེངས་འདིར་ཊོམ་ཐེབས་རྩ་ཁང་ལ་ཉེས་འཛུགས་དེ་ནི་ལོ་གཉིས་རིང་ཞིབ་འཇུག་བྱས་པའི་རྗེས་སུ་བྱུང་བ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༥༥༢ ཀློག་གྲངས།