ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༠   ཕྱི་ལོ་ ༢༠༡༨/༡༢ /༡༩

ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༧ འཁོད་པའི་“ཞུ་ལན་ལ་སྣོན་འཕྲི་དགོས་བའི་བརྡ་ཐོ་”ཡིག་ཆ་རེད་ཟེར་བ་ཞིག་ཚ་ཚ་འུར་འུར་གྱིས་བཀྲམ་སོང་བ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡིག་ཆ་རྫུན་མ་མང་དག་ཅིག་འགྲོ་བཞིན་ཡོད་སྟབས་ཐོག་མ་འདི་ཡང་དེའི་གྲས་གཅིག་ཡིན་ཤག་བྱས། ཡིག་ཆ་དེ་ལ་ཕྱི་ཟླ་༡༢ ཚེས་༧ འཁོད་འདུག་པ་དང་། ཉིན་དེ་ཙམ་ཞིག་ཕལ་ཆེར་ཡིན་ས་ཡོད། བཙན་བྱོལ་བོད་པའི་དྲ་འབུ་ཁག་གི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག དོན་དངོས་ཡིག་ཆ་དེ་ཡང་དྲ་འབུ་དག་གིས་རྫུན་བཟོ་བྱས་པ་ཞིག་མ་ཡིན་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཡིག་ཡིན་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ཙམ་མ་ཡིན་པར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་དེ་སྤེལ་འདུག དེར་བརྟེན་བརྡ་ཐོའམ་ཁྲིམས་ཡིག་དེ་དང་འབྲེལ་བའི་སྐོར་ལ་ལྟ་ཚུལ་ཁག་ཅིག་བརྗོད་འདོད་བྱུང་ཡང་། ལྟ་ཚུལ་ནི་ལྟ་ཚུལ་རང་ཡིན་པས་དོན་དངོས་ཡིན་མིན་དང་དོན་དངོས་དང་བར་ཐག་ག་ཚོད་ཙམ་ཡོད་མེད་ནི་ཁ་ཚོན་བཅད་ནས་བཤད་དཀའ་བ་ཞིག་རེད།

སྐབས་འདིར་གླེང་དགོས་པའི་གནད་དོན་གཙོ་བོ་ནི་ཁྲིམས་ཞིབ་ཁང་གི་ཡིག་ཆ་དེའི་ནང་འཁོད་པ་“ཞུ་རྩའི་དོན་ཚན་༡་༢ ནང་། བཀའ་ཤག་ལ་དོན་གཅོད་འཕོ་ལེན་གྱི་སྐུ་དབང་ཡོད་མེད་ཐོག་རྩོད་སློང་བྱེད་ཀྱི་མེད་ཅེས་དང་། ཞུ་ལན་གྱི་དོན་ཚན་༣།༢༠ ནང་། སྐུ་ཚབ་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་གཏོང་རྒྱུ་གཉིས་ཀ་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་ཞེས་བཀོད་འདུག་པས། སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་མི་མཐུན་པའི་རྩོད་གཞི་མི་འདུག”ཅེས་གསལ་འདུག་པས། དོན་དངོས་སུ་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་འགན་དབང་ཐོག་གྱོད་ཡ་ཕྱོགས་གཉིས་ཀར་རྩོད་གཞི་གང་ཡང་མེད་ན། ཁྲིམས་ཞིབ་ཁང་དུ་བསྐྱལ་བའི་རྩོད་རྙོག་དེ་ལའང་གཞི་རྩ་གང་ཡང་མེད་པ་ཞིག་ཏུ་གྱུར་འདུག དེ་མ་ཡིན་པར་ནང་ཁུལ་སྲིད་དོན་དང་འབྲེལ་བའི་ཤོག་སྦུག་རླུང་འཚང་ལྟ་བུའི་སྤྱི་ཚོགས་ནང་གི་རྙོག་གླེང་ཡོད་ཚད་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྐྱེལ་དགོས་པ་ཞིག་ཀྱང་མིན་ཚོད་རེད་ལ། བསྐྱལ་ཡང་ངོས་བཞེས་བདག་སྐྱོང་དགོས་པ་ཞིག་དང་ཐུབ་པ་ཞིག་ཀྱང་མ་རེད་སྙམ།

ཡིག་ཆ་དེར་བལྟས་ན་རྩོད་ལན་པས་ལན་འདེབས་བྱེད་སྐབས་འདི་དང་འདི་བཤད་ན་འགྲིག་གི་མ་རེད། འདི་ཕྱིར་འཐེན་བྱེད་དགོས་པ་རེད་ཅེས་པ་ལྟ་བུ་ལན་འདེབས་བྱེད་སྟངས་ཚང་མ་ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་པ་དང་། རྩོད་ལན་པ་ཕྱོགས་གཉིས་ཀར་བཀའ་གཏོང་དགོས་པ་ཞིག་ཀྱང་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཐོག་ནས་ཁྱད་མཚར་པོ་ཞིག་ཏུ་མཐོང་སོང་། ཞུ་སྦྱོར་པའི་ཞུ་རྩ་ལ་རྒྱུ་མཚན་ཡོད་མེད་གང་ལྟར་ཡང་། རྩོད་ལན་པའི་ལན་འདེབས་ལ་གནས་ལུགས་དང་དཔང་རྟགས་ཡོད་མེད་གང་ལྟར་ཡང་། གནད་དོན་དེ་ཞུ་སྦྱོར་པ་དང་། རྩོད་ལན་པ་ཕྱོགས་སོ་སོས་ཁྲིམས་ཁང་ནས་མཐའ་སྐྱེལ་དགོས་པ་ཞིག་རེད། ཁྲིམས་རའི་ནང་ནས་ཕན་ཚན་རྩོད་གླེང་དང་དཔང་རྟགས་ཀྱི་ཐོག་ནས་བརྡར་ཤ་བཅད་དེ། ཁྲིམས་ཞིབ་ཁང་གིས་འདི་ཁྲིམས་དང་མཐུན་ཞིང་གནས་ལུགས་འདུག འདི་ཁྲིམས་དང་མི་མཐུན་པར་གནས་ལུགས་ཀྱང་མི་འདུག་ཅེས་དཀར་ནག་གི་དབྱེ་བ་ཕྱེས་ནས་ཐག་གཅོད་བྱེད་པའི་སྐུ་དབང་ཆ་ཚང་ཁྲིམས་ཞིབ་པ་རྣམ་པའི་ཕྱག་ཏུ་ཡོད་པ་ལས། ལན་འདེབས་བྱེད་སྟངས་ཚུན་ཚད་ཁྲིམས་ཞིབ་ཁང་གི་བཀའ་བཀོད་ལས་འདའ་མི་རུང་བ་ཞིག་ཡིན་ནམ།

བོད་པས་ཁ་རྒྱུན་དུ་“གྱོད་པས་མི་བཤད་མི་དགུ་བཤད། གཟུ་པས་མི་གོ་དགུ་གོ་”ཟེར་བ་བཞིན་གྱོད་ཡ་ཕྱོགས་སོ་སོ་ནས་གནས་ལུགས་ཡོད་མེད་གང་ལྟར་ཡང་། ལུགས་མཐུན་གྱི་ཐོག་ནས་རྒྱུ་མཚན་དང་དཔང་རྟགས་ཕུལ་བ་ཁག་ཁྲིམས་རའི་ནང་ཙམ་དུའང་སླེབས་མ་ཆོག་ན། ཁ་མཆུ་འདི་བཤད་པའི་དགོས་དོན་ཡང་ཕལ་ཆེར་མེད་པ་ལྟ་བུ་རེད་ལ། གནད་དོན་འདིའི་ཐོག་ནས་བལྟས་ན་སྐབས་རེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྩོད་གླེང་རྒྱུན་རིང་བྱས་ནས་ཁྲིམས་ཐག་བཅད་ཟིན་ནའང་ལག་བསྟར་གྱི་ནུས་པ་གང་ཡང་མེད་པ་དང་། སྐབས་རེ་གྱོད་ཡ་ཕྱོགས་གཉིས་ཀྱིས་ལན་འདེབས་ཇི་ལྟར་བྱེད་མིན་ཡང་ཁྲིམས་ཞིབ་ཁག་གི་ལམ་སྟོན་ནམ་བཀའ་བཀོད་ཀྱི་ར་བ་ལས་ནམ་ཡང་འདའ་མི་ཆོག་པ་ལྟ་བུའི་དབང་ཚད་བདག་གིར་བཞེས་པ་འདི་ཡང་། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཅུང་ཡ་མཚན་དགོས་པ་ཞིག་ཡིན་སྲིད་ཀྱང་། མང་གཙོའི་ཀ་བ་གསུམ་ཞེས་མིང་ཙམ་ལས་དོན་དུ་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་ང་ཚོའི་སྒྲིག་འཛུགས་ལ་མཚོན་ན་ཁ་སྟབས་འདི་ཙམ་ལས་མེད་པ་ནི་ཧང་སང་དགོས་པ་ཞིག་ཀྱང་མིན་སྲིད།

མདོར་ན་ད་ལྟའི་ཁ་མཆུ་འདི་ཉིད་བདེ་སྡུག་དང་འབྲེལ་བའི་ཁ་མཆུ་ཞིག་མིན་པ་དང་། ནང་ཁུལ་སྲིད་དོན་དང་འབྲེལ་བའི་རྩོད་རྙོག་ཅིག་ཡིན་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྐུ་ངལ་མང་པོ་ཞིག་ཡོད་ངེས་ནའང་། ཁྲིམས་ཞིབ་པ་རྣམ་པ་ནི་ཁྲིམས་ཞིབ་པ་རང་ཡིན་པ་ལས་ཁྲིམས་རྩོད་པ་མིན་པ་དང་། ཁྲིམས་ཞིབ་ཁང་ནི་ཁྲིམས་ཞིབ་ཁང་རང་ཡིན་པ་ལས་ཁྲིམས་རྩོད་དོན་གཅོད་ཁང་མིན་པ་ནི་བོད་མི་ཚང་མར་ཡིད་ཆེས་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ད་ལྟ་སྤྱི་ཚོགས་ནང་ཟིང་ཟིང་གི་གནས་ཚུལ་འདི་ལྟ་བུ་འགྲོ་བཞིན་པའི་སྐབས་འདིར་ཁྲིམས་ཞིབ་ཁང་གི་གལ་ཆེའི་ཡིག་ཆ་ཁག་དོ་བདག་ཚོའི་ལག་ཏུ་འབྱོར་ལོང་ཡོད་མེད་ཙམ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བརྡལ་བཏང་བ་འདི་ཡང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ལ་མཚོན་ན་ཕན་གནོད་གང་ཡོད་བཤད་མི་ཤེས་ནའང་། ཐེ་ཚོམ་དང་དོགས་པ་སྐྱེ་དགོས་པའི་གནད་དོན་ཞིག་མ་རེད་ཅེས་བཤད་དཀའ་བ་ཞིག་རེད། ད་དུང་གྱོད་གཞི་འདི་དང་འབྲེལ་བའི་གལ་ཆེའི་དཔང་རྟགས་ཡིག་ཆ་མང་པོ་ཞིག་ཀྱང་རིམ་པས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སླེབས་སྲིད་པ་རེད་འདུག་སྙམ།།

Share this:
༡༧༥༠ ཀློག་གྲངས།