བོད་པ་བོད་ནང་དུ་འགྲོ་དབང་མེད།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཨ་མི་རི་ཀའི་ཆབ་འབངས་སྤྱི་དང་། ཨ་རིའི་ཆབ་འབངས་ཡིན་པའི་བོད་མི་རྣམས་ཀྱང་གཅིག་མཚུངས་བཞིན་བོད་ནང་དུ་རང་དབང་གི་ཐོག་ནས་བསྐྱོད་ཆོག་དགོས་པ་དང་། གལ་སྲིད་དེ་ལ་རྒྱ་ནག་གཞུང་གིས་འགྱུར་བ་མ་བཏང་ན་རྒྱ་གཞུང་གི་ཆབ་འབངས་རྣམས་ཀྱང་ཨ་རིར་རང་འདོད་ཀྱིས་ཡོང་འཇུག་རྒྱུ་མིན་པའི་ཁྲིམས་འཆར་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ནས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་མཚན་རྟགས་ཀྱང་བཀོད་ཟིན་པ་རེད། བོད་ཀྱི་གནད་དོན་ལ་མཚོན་ན་ཐག་གཅོད་འདི་ལྟ་བུ་ནི་ཆབ་སྲིད་ཀྱི་ཐོག་ནས་ཁེ་ཕན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། གོ་སྐབས་འདི་དམ་འཛིན་བྱེད་ཐུབ་པར་འབྲེལ་ཡོད་བོད་པ་ཚང་མས་དོ་སྣང་གཟབ་ནན་དགོས་པ་གལ་ཆེར་གྱུར་ཡོད། ད་དུང་རིམ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་ཐུབ་པའི་འབད་བརྩོན་དེ་ཡང་མུ་མཐུད་མཇུག་སྐྱོང་ཡོང་ཐབས་དགོས་པ་དང་། རྒྱ་གཞུང་གིས་དེ་ལྟར་ཁས་ལེན་བྱས་ན་རྒྱལ་ཁ་ཞིག་ཡིན་པ་མ་ཟད། གལ་སྲིད་ཁས་ལེན་མ་བྱས་ཀྱང་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་དངོས་དོན་ཞིག་ར་སྤྲོད་བྱུང་བ་རེད།

ད་ལན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་སྤྱི་མོས་གཏན་འབེབས་བྱས་པའི་ཁྲིམས་འཆར་སྲིད་འཛིན་གྱིས་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་ཟིན་པ་དེས་རྒྱ་གཞུང་གིས་བོད་ལ་དབྱེ་འབྱེད་ཀྱི་སྲིད་བྱུས་ཤིག་ཡོད་པར་ངོས་འཛིན་བྱས་པ་ཞིག་དང་། རྒྱ་གཞུང་གིས་འདྲ་མཉམ་དང་རང་དབང་གི་འབོད་སྒྲ་འཛམ་གླིང་གང་སར་སྒྲོག་བཞིན་པ་འདི་དངོས་བདེན་མ་ཡིན་པར་ར་སྤྲོད་བྱས་པ་རེད། འོན་ཀྱང་བོད་ནང་ལ་མཚོན་ན་ཕྱི་ནས་རྒྱལ་ཁབ་གཞན་གྱི་མི་སེར་ཡོང་བར་བཀག་སྡོམ་ཡོད་པ་ཙམ་མིན་པར། ད་ལྟ་རྒྱ་གཞུང་གི་ཆབ་འབངས་སུ་གྱུར་པའི་བོད་མི་དག་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་རང་དབང་གི་ཐོག་ནས་འགྲོ་མི་ཆོག་པ་དང་། མདོ་ཁམས་ཁུལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་བར་ས་གནས་སོ་སོ་ནས་རྒྱ་གཞུང་གི་ཆོག་མཆན་ཡིག་ཆ་འདྲ་མིན་མང་པོ་ཞིག་མེད་ན་འགྲོ་བསྐྱོད་མི་ཆོག་པ་ནི། གོང་གསལ་ཨ་རིའི་གྲོས་ཚོགས་གོང་འོག་དང་སྲིད་འཛིན་གྱིས་ངོས་འཛིན་གནང་བ་དེ་ལས་ཀྱང་ཚབས་ཆེ་བ་ཞིག་ཏུ་གྱུར་ཡོད། མ་འོངས་པར་གནད་དོན་འདིའི་རིགས་ལའང་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དང་རྒྱབ་སྐྱོར་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད།

ཆབ་སྲིད་ཅེས་པ་དེ་ཚེ་འདི་དང་རང་གཙོ་བོ་བྱེད་པའི་ལམ་ལུགས་ཤིག་ཡིན་པ་དང་། ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ཞེས་པ་དེ་ཚེ་འདི་ལས་ཕྱི་མ་དང་། རང་ལས་གཞན་གཙོ་བོར་འཛིན་པའི་ཐབས་ལམ་ཞིག་ཡིན་པས། དམིགས་ཡུལ་དང་ནུས་པ་མི་འདྲ་བ་མ་ཟད། ཆེ་ས་ནས་བཤད་ན་འགལ་བ་ལྟག་སྤྲོད་ལྟ་བུར་གྱུར་ཡོད་པའང་དངོས་ཡོད་གནས་ཚུལ་ཡིན། དེར་བརྟེན་ཨ་རིའི་གྲོས་ཚོགས་གོང་འོག་ནས་གྲོས་ཆོད་བཞག་པ་དེ་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་ཡོད་ཀྱང་། དོན་དུ་ཨ་རིའི་ཆབ་འབངས་རྣམས་བོད་ལ་རང་དབང་གི་ཐོག་ནས་བསྐྱོད་ཆོག་པའི་དགོས་འདུན་དེ་རེད། བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་མཚོན་ན་གོང་དུ་བརྗོད་པ་བཞིན་རྒྱ་ནག་གི་ཞིང་ཆེན་ཁག་ནས་རྒྱ་རིགས་རྣམས་བོད་ལ་རང་དབང་གི་ཐོག་ནས་བསྐྱོད་ཆོག་ནའང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་ཟེར་བ་སོགས་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་བཅད་བགོས་བྱས་པའི་བོད་པ་རྣམས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་འགྲོ་བསྐྱོད་བྱ་རྒྱུར་རང་དབང་མེད་པ་དེ་ནི། གོང་དུ་ཨ་རིས་གྲོས་ཚོགས་ནས་ངོས་འཛིན་གནང་བ་དེ་དང་བསྡུར་ཐབས་གཏན་ནས་མེད།

མདོ་ཁམས་ནས་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁོངས་སུ་བསྐྱོད་རྒྱུར་དམ་དྲག་ཡོད་པ་གཅིག་པུ་མ་ཡིན་པར། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་བོད་པ་རྣམས་ལ་རྒྱ་ནག་གི་ཞིང་ཆེན་ཁག་ལ་འགྲོ་རྒྱུར་དམ་དྲག་དེ་ཙམ་མེད་ཀྱང་། གོང་གསལ་བཞིན་དེང་དུས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་བགོས་བྱས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བསྐྱོད་མི་ཆོག་པར། དཔེར་ན་སི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་སུ་བཅད་བགོས་བྱས་པའི་དཀར་མཛེས་ཁུལ་གསེར་རྟ་རྫོང་ཁོངས་བླ་རུང་ཆོས་སྒར་དང་། དཔལ་ཡུལ་རྫོང་ཁོངས་ཡ་ཆེན་ཆོས་སྒར་དུ་བསྐྱོད་རྒྱུར་དམ་དྲག་ཆེན་པོ་ཡོད་པ་དང་། དེ་རུ་སོང་ནས་སློབ་གཉེར་བྱེད་པ་ནི་དེ་བས་ཀྱང་མི་ཆོག་པར་དམ་དྲག་ཧ་ཅང་ཆེན་པོ་ཡོད། འདི་དག་ནི་བོད་ནང་དུ་རྒྱ་མི་རིགས་དང་བོད་མི་རིགས་ཀྱི་བར་དུ་ཡོད་པའི་ཁྱད་པར་ཡིན་པས། བོད་པ་དག་གིས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་སྟེང་ཞུ་གཏུག་གི་ལས་འགུལ་སྤེལ་དགོས་པའི་གནད་དོན་ཞིག་ཡིན་མོད། བོད་ནང་གི་དཀའ་ངལ་ཆེ་ཤོས་ནི་འགྲོ་བ་མིའི་ཐོབ་ཐང་ཙམ་དུ་ངོས་འཛིན་བྱས་ན་དེ་ཡང་ནོར་འཁྲུལ་ཆེན་པོ་ཞིག་ཏུ་གྱུར་ཡོད།

མདོར་ན་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་ནི་གཙོ་བོ་རྒྱལ་སྤྱིའི་སྲིད་དོན་གྱི་འཁོར་ཕྱོགས་ལ་རག་ལས་པ་དང་། ཕྱོགས་གཅིག་ནས་བོད་པ་རང་ཉིད་ཀྱི་ཆབ་སྲིད་ཀྱི་དམིགས་འདུན་དང་ཁ་ཕྱོགས་དང་ཡང་འབྲེལ་བ་ཆེན་པོ་ཡོད། རྒྱལ་སྤྱིའི་འབྲེལ་ལམ་གྱི་ཐོག་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་དགོས་པའི་དུས་ཚོད་ཤར་སྐབས་བོད་དོན་ལ་ལག་པ་འཆང་ངེས་ནའང་། བོད་པའི་ངོས་ནས་རྒྱ་གཞུང་ལ་བསྟུན་མཁས་དང་གཅིག་གྱུར་གྱི་བསམ་བློ་མ་གཏོགས་གཏན་ནས་མེད་ན། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བོད་དོན་དེ་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་བསྟུན་ནས་བེད་སྤྱོད་བྱ་རྒྱུའི་དགོས་མཁོ་དང་གོ་སྐབས་གཉིས་ཀ་མེད། ཡང་ཕྱོགས་གཅིག་ནས་སྟོབས་ཆེན་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོར་དེ་ཡང་མཐར་གཏུག་ན་རྒྱལ་ཁབ་སོ་སོའི་ཁེ་ཕན་གཙོ་བོར་དམིགས་ཡོད་ནའང་། རྒྱལ་ཁབ་ཁག་གི་ངོས་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་སྐབས་བོད་དོན་བེད་སྤྱོད་གཏན་ནས་མེད་ན། མ་འོངས་པར་བོད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་ཡལ་འགྲོ་བ་མ་ཟད། རྒྱ་ནག་ལ་གནོན་ཤུགས་གང་ཡང་སྤྲོད་མི་ཐུབ་པ་ཞིག་ཏུ་འགྱུར་ངེས་རེད།།

Share this:
༥༠༨ ཀློག་གྲངས།