མམ་བྷེའི་བུད་མེད་ཅིག་གིས་ཁྱིམ་མཚེས་སྐྱེས་པའི་ཕོ་མཚན་བཅད་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་དུས་བབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ན་༤༧ ལོན་པའི་རྒྱ་གར་བུད་མེད་ཅིག་དང་ལག་རོགས་གཉིས་ཀྱིས་མོ་རང་གི་ཁྱིམ་མཚེས་ཡིན་པ་ལོ་ན་༢༧ སོན་པའི་ཏུ་ཤར་པུ་ཅ་རིས་ཀྱིས་མོ་ལ་ཚུལ་མིན་འཁྲིག་སྤྱོད་ཆེད་སུན་བཙེར་བཟོས་ཚུལ་ཉེས་འཛུགས་བྱས་ཏེ་ཁོའི་ཕོ་མཚན་གྲིས་བཅད་འདུག

ཕོ་མཚན་བཅད་རྗེས་བུད་མེད་དེས་པུས་ཅ་རིས་སྲོག་སྐྱོབ་ཕྱིར་སྨན་ཁང་དུ་བསྐྱལ་ཏེ་མོ་རང་གི་ནག་ཉེས་ངོས་ལེན་བྱས་འདུག་པ་དང་། ICU ཞེས་པའི་ཛ་དྲག་སྨན་ཁང་དུ་ཡོད་པའི་པུས་ཅ་རིས་ནི་རྒྱལ་སྤྱིའི་བུན་སྐྱེད་གཡར་གཏོང་དངུལ་ཁང་གི་མམ་བྷེས་སུ་ཡོད་པའི་ཡན་ལག་ཅིག་གི་འགན་འཛིན་ཡིན་འདུག

དོན་རྐྱེན་འདིར་བྷོ་བྷིས་ཏྲིས་སིང་”Bobbitising”ཞེས་པ་ཕོ་མཚན་བཅད་པའི་དོན་ཅན་གྱི་ཚིག་གཅིག་བེད་སྤྱོད་བྱས་ཡོད་པ་དང་། དེ་ནི་༡༩༨༣ ནང་ལོ་རིས་ན་བྷོ་བྷིས་ཏྲི་ ཞེས་པའི་བུད་མེད་གཅིག་གིས་༡༩༨༣ མོ་རང་གི་ཁྱོ་གའི་ཕོ་མཚན་བཅད་པའི་རྗེས་སུ་སྐྱེས་པའི་ཕོ་མཚན་བཅད་པའི་དོན་རྐྱེན་ལ་བེད་སྤྱོད་བྱས་འདུག གཟའ་མིག་དམར་གྱི་ཕྱི་དྲོ་མི་གསོད་ཀུན་སློང་གི་ཉེས་མིང་འོག་བུད་མེད་དེ་དང་མོ་རང་གི་རོགས་པ་གཉིས་འཛིན་བཟུང་བྱས་ཡོད་པ་རེད།

བུད་མེད་དེ་དང་པུས་ཅ་རིས་སྒྲོམ་བྷིས་ཝེ་ལིས་ནང་གི་ནན་དྷིས་ཝེ་ལིས་ཞེས་པ་དེར་སྡོད་ཀྱི་ཡོད་པ་རེད། པུས་ཅ་རིས་བུད་མེད་དེ་ལ་གཉེན་སྒྲིག་བྱེད་འདོད་ཡོད་ཚུལ་དང་འཁྲིག་སྤྱོད་བྱེད་དགོས་རབས་སུན་བཙེར་ཡང་ཡང་བཟོ་གི་ཡོད་འདུག འོན་ཀྱང་ཁོའི་འདོད་པ་དེར་མོས་ཁས་ལེན་བྱས་མི་འདུག་ཅེས་ཉེན་རྟོག་པས་བརྗོད་འདུག བུད་མེད་དེས་ཉེན་རྟོག་པ་ལ་བཤད་དོན། དོན་དག་དེ་མ་བྱུང་བའི་སྔ་དགོང་པུས་ཅ་རིས་མོ་རང་གི་ཁྱོ་གར་ཐུག་སྟེ་མོ་ལ་དགའ་ཚུལ་དང་གཉེན་སྒྲིག་བྱེད་འདོད་ཡོད་རབས་བཤད་པས་མོ་དང་ཁྱོ་གའི་བར་ལ་འཁྲུག་རྩོད་ཤོར་ཡོད་པ་དང་། འཁྲུག་རྩོད་ཤོར་རྗེས་བུད་མེད་དེ་ཁོང་ཁྲོ་ལངས་ཏེ་པུས་ཅ་རིས་ལ་བསླབ་བྱ་ཞིག་སྤྲད་རྒྱུའི་སེམས་ཐག་བཅད་འདུག

མོས་ལོ་༢༥ ཡིན་པའི་མ་ཧ་ཏེ་ར་དང་ལོ་༢༢ ཡིན་པའི་ཁེན་ནི་ཡ་ཞེས་པའི་ཕོ་གཞོན་གཉིས་རོགས་པ་སྐད་བཏང་སྟེ། རོགས་པ་གཉིས་ཀྱིས་བུན་སྐྱེད་གཡར་དགོས་ཚུལ་གྱིས་པུས་ཅ་རིས་ས་ཆ་ཁུག་ཀྱོག་ཅིག་ཏུ་ཐུག་འཕྲད་བྱས་ཤིང་། པུས་ཅ་རིས་ས་ཆ་དེར་སླེབས་པ་དང་ཁོང་གཉིས་ཀྱིས་བཙན་བཟུང་བྱས་ཡོད་པ་དང་སྐབས་དེར་བུད་མེད་དེ་ཡང་མཉམ་དུ་ཡོད་འདུག། བུད་མེད་དེས་ཁོང་གཉིས་ལ་ཁོ་འཇུས་ལབ་སྟེ་གྲི་རྣོན་པོ་ཞིག་གིས་པུས་ཅ་རིས་ཕོ་མཚན་བཅད་འདུག

བུད་མེད་དེས་ཉེན་རྟོག་པར་བརྗོད་དོན། ཁོ་གསོད་རྩིས་མེད་པས་སྲོག་སྐྱོབ་ཕྱིར་ཛ་དྲག་ངང་ཚེ་སྲོག་གཅེས་སྐྱོང་སྨན་ཁང་དུ་བསྐྱལ་བ་ཡིན་ཞེས་བཤད་པ་མ་ཟད། མོ་རང་གི་ནོར་འཁྲུལ་ཡང་ངོས་ལེན་བྱས་འདུག སྨན་ཁང་དེའི་སྨན་པས་པུས་ཅ་རིས་ཀྱི་གནས་སྟངས་ཛ་དྲག་ཡིན་པར་བརྗོད་དེ་AIMSསྨན་ཁང་དུ་སྤོས་ཡོད་པ་རེད། AIMS སྨན་ཁང་གི་སློབ་སྟོན་པས་ད་ལྟ་དབུགས་སྣོད་བརྒྱབ་ནས་བཞག་པའི་ནད་པའི་གནས་སྟངས་ཛ་དྲག་ཡིན་པ་དང་ཆུ་ཚོད་༤༨ རིང་ཉེན་ཁ་ཆེ་ཚུལ་བརྗོད་ཡོད་འདུག

དང་ཐོག་བུད་མེད་དེས་ནོར་འཁྲུལ་བྱེད་མཁན་མོ་རང་གཅིག་པུ་ཡིན་པར་བརྗོད་ཀྱང་ཉེན་རྟོག་པས་ཡིད་ཆེས་མ་བྱས་པར་དྲི་བརྩད་བྱས་རྗེས་རོགས་པ་གཉིས་ཡོད་པ་ཁས་ལེན་བྱས་འདུག ཉེན་རྟོག་པས་བུད་མེད་དེས་ཁས་བླངས་པ་གཞིར་བཟུང་གིས་མཧ་ཏི་ར་དང་ཁེན་ནི་ཡ་གཉིས་འཛིན་བཟུང་བྱས་པ་ཡིན་ཞེས་བརྗོད་འདུག ཉེན་རྟོག་པས་ཕོ་མཚན་དང་ནག་ཉེས་ཀྱི་དོན་རྐྱེན་དེར་བེད་སྤྱོད་བྱས་པའི་གྲི་གཉིས་ཀ་རག་ཡོད་པ་དང་། མོའི་རོགས་པ་ཁེན་ནི་ཡའི་སྤུན་མཆེད་ཅིག་གིས། ང་ཚོས་ཁོ་ནག་ཉེས་དེའི་ནང་གང་འདྲ་བྱས་ནས་ཚུད་མིན་ཤེས་མ་སོང་། ད་ནི་ཁོའི་མི་ཚེ་འཕྲོ་བརླག་ཕྱིན་ཚར་བ་རེད་ཅེས་བརྗོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༨༥༥ ཀློག་གྲངས།