༧གོང་ས་མཆོག་གིས་ཡང་སྲིད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཏན་ཏན་ཡོང་སྲིད་པ་རེད་ཅེས་གསུངས།

ཟླ་འདིའི་ཚེས་༢༨ ཉིན་༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་འཁོར་གྱི་བཀའ་དབང་གནང་སྐབས། “དེ་རིང་པཎ་རིན་པོ་དགོངས་པ་རྫོགས་པའི་དུས་ཆེན་ལ་ཁེལ་བསྡད་ཡོད་པ་རེད། འཕགས་པོ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བཟང་སྤྱོད་ཅིག་འདོན་”ཅེས་གསུངས་པ་དང་། བཟང་སྤྱོད་སྨོན་ལམ་གསུངས།

༧གོང་ས་མཆོག་གིས་བྱང་ཨ་རིར་ཡོད་པའི་པཎ་ཆེན་རིན་པོ་རྗེས་དྲན་ཚོགས་ཆུང་ལ་གསུང་འཕྲིན་ཞིག་གནང་ཡོད་པའི་ནང་། “པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མར་མཚོན་ན་ཕྱི་ཚུལ་དུ་༸སྐུ་མདུན་སྐུ་གོང་མ་དང་ཏོག་ཙམ་མི་བདེ་བ་ལྟ་བུ་ཡོད་ཀྱང་། ནང་རྟག་ཏུ་བླ་སློབ་ཀྱི་དམ་ཚིག་ཐུན་མོང་མིན་པ་ཡོད་པ་དེ་འདྲ་རེད་འདུག པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་མྱ་ངན་ལས་འདས་རྗེས། ང་དང་ཕ་ཡུལ་གཅིག་པ། ང་དང་མི་ཐོག་གཅིག་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན་དུས་ཚོད་ཁག་པོ་དེའི་སྐབས་སུ་དངོས་གནས་དྲང་གནས་ཐུགས་སྟོབས། ལྷག་བསམ་འཕྱུག་པ་མེད་པ་ཞིག སྐུ་མཉེལ་པོ་ཧ་ཅང་བྱུང་བ་རེད་དེ། གོ་སྐབས་ནམ་ཡོད་ལ་ཐུགས་ཞེན་འདོར་བ་མེད་པའི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་བོད་གངས་ཅན་གྱི་བདེ་སྐྱིད། བདེ་སྡུག་ཐོག་ལ་རིན་པོ་ཆེས་ཐུགས་ཁུར་ཧ་ཅང་བཞེས་པ་རེད།  རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་པ་དེ་དངོས་གནས་ང་ཚོ་བོད་པ་ཚོས་བསོད་ནམས་ཀྱིས་མ་ཆུམ་པ་ལྟ་བུ་བྱུང་སོང་། ང་ཚོ་འདིར་རྒྱ་གར་ནང་བཙན་བྱོལ་དུ་བསྡད། པཎ་ཆེན་རིན་པོ་ཆེ་བོད་ནང་དུ་ལོ་གང་ཙམ་ཞིག་བཞུགས་ཐུབ་པ་བྱུང་ན་ཏན་ཏན་ཕན་ཐོགས་ཡོང་ཐུབ་པ་ཞིག་རེད། འོན་ཀྱང་སྤྱི་པའི་བསོད་ནམས་ཀྱིས་མ་འདང་བ་ཟེར་ནའང་འདྲ། རྐྱེན་ངན་དེ་འདྲ་ཞིག་བྱུང་བ་རེད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་འབྲེལ་ནས་བཀའ་སློབ་གནང་དོན། “པཎ་ཆེན་ཡང་སྲིད་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་ངོས་འཛིན་བྱས་པའི་པཎ་ཆེན་གཅིག་ཡོད་རེད། ངས་འདི་ནས་མོ་བརྒྱབ། བརྟག་དཔྱད་ནན་ཏན་བྱས་ནས་གཏན་འཁེལ་བའི་པཎ་ཆེན་ཡང་སྲིད་གཅིག་ཡོད། སྤྱིར་འཇམ་དབྱངས་མཁྱེན་རྩེ་དབང་པོ་ལ་ཡང་སྲིད་སྐུའི་སྤྲུལ་པ། གསུང་གི་སྤྲུལ་པ། ཐུགས་ཀྱི་སྤྲུལ་པ། ཡོན་ཏན་གྱི་སྤྲུལ་པ། འཕྲིན་ལས་ཀྱི་སྤྲུལ་པ་བཅས་ཡང་སྲིད་ལྔ་དེ་འདྲ་བྱུང་བའི་ལོ་རྒྱུས་ཡོད། དེར་བརྟེན་སྐྱེས་བུ་དམ་པ་དེ་འདྲའི་ཡང་སྲིད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་འདྲ་ཏན་ཏན་ཡོང་སྲིད་པ་རེད། སྔ་མོ་ཀརྨ་པའི་ཡང་སྲིད་མི་འདྲ་བ་ཡོང་བའི་སྐབས་དེར་ང་རང་མཐོང་ཚུལ་དེ་རང་ཡིན། སྐབས་དེར་དེ་འདྲ་བཤད་པ་ཡིན། ཡིན་ནའང་ནང་ཁུལ་ནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྱས་ན་འགྲིག་པ་མི་འདུག་ཀྱང་ཤོད་མཁན་བྱུང་། སྟབས་མི་འདེ་བ་དེ་འདྲ་བྱུང་བ་རེད། གང་ཡིན་མིན་ལ་མ་ལྟོས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པའི་ཞབས་འདེབས་སྒྲུབ་ཐུབ་མཁན་སྐྱེས་བུ་དམ་པ་ཞིག་གང་ནས་བྱུང་ཡང་འགྲིག་པ་རེད། ངོས་ཀྱིས་རྟག་ཏུ་སྨོན་ལམ་དེ་འདྲ་རྒྱག་བཞིན་ཡོད་ཅེས་བཀའ་སློབ་གནང་།

པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེས་དྲན་གྱི་དུས་ཚེས་མ་འདྲ་བ་ཁག་ཅིག་བྱུང་ཡོད་ནའང་། ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་དང་པོའི་ཚེས་༢༨ ཉིན་དགོངས་པ་རྫོགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༤༣ ཀློག་གྲངས།