ཧོང་ཀོང་ནང་རྒྱ་ནག་གི་བཙན་གནོན་ལ་ཁ་གཏད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་འདུག

ཧོང་ཀོང་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག མང་གཙོའི་རང་དབང་ལ་བཙན་གནོན་ཤུགས་དྲག་ཆེ་རུ་འགྲོ་བཞིན་ཡོད་པས། འདི་ལོའི་མང་གཙོ་དོན་གཉེར་བའི་གོམ་བགྲོད་ལས་འགུལ་སྐབས་སུ། ཧོང་ཀོང་ནང་མང་གཙོ་བཅོས་སྒྱུར་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་རྒྱ་ནག་ནས་རང་བཙན་གཙང་མའི་མངོན་འདོད་སོགས་ཀྱི་ཐོག་ལ་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུག

ལོ་ལྟར་རྒྱལ་སྤྱིའི་ལོ་གསར་པའི་ཚེས་༡ ཉིན། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཚོས་མང་གཙོའི་གོམ་བགྲོད་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། འདི་ལོའི་ཚེས་༡ ཉིན་མང་གཙོ་དོན་གཉེར་བ་དང་རང་བཙན་དོན་གཉེར་བ་སོགས་མི་མང་༥༠༠༠ བརྒལ་བ་ཞིག་གིས། རང་གི་དགོས་འདུན་དང་འབྲེལ་བའི་སྦྱར་ཡིག་དང་འཕྲེད་དར་སོགས་འཁྱེར་ནས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་འདུག་འདུག་ལ། སྐབས་དེར་བོད་ཀྱི་རྒྱལ་དར་ཡང་འཕྱར་མཁན་འདུག

ཕྱི་ལོ་༢༠༡༨ ལོའི་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག ཧོང་ཀོང་ནང་རང་བཙན་དོན་གཉེར་བའི་སྲིད་དོན་ཚོགས་པ་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་ཞེས་པ་དེ་བཀག་སྡོམ་བྱས་ཏེ་སྲིད་དོན་དང་འབྲེལ་བའི་ལས་དོན་ལ་འཇུག་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཕྱིར་འབུད། དེ་བཞིན་མང་གཙོ་དོན་གཉར་བ་ཁག་ཅིག་འོས་བསྡུར་འོས་མིར་ལང་རྒྱུ་མེད་པ་བཟོས་པ་སོགས། མང་གཙོའི་རང་དབང་དང་ཐོབ་ཐང་ལ་རྡོག་རོལ་གྱི་གནད་དོན་མང་པོ་ལྷག་ཡོད་པ་ལྟར། ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་ཧོང་ཀོང་ནང་རང་དབང་དང་རང་སྲིད་རང་སྐྱོང་གི་གནས་བབ་དེ་ཡལ་འགྲོ་བཞིན་ཡོད་པའི་སེམས་འཚབ་བསྟན་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་དངོས་སུ་འགོ་འཛུགས་མ་བྱས་པའི་སྔོན་དུ། ཧོང་ཀོང་གཞུང་གིས་རང་བཙན་གྱི་མངོན་འདོད་དང་འབྲེལ་བའི་སྦྱར་ཡིག་དང་འཕྲེད་དར་འཁྱེར་ནས། ཧོང་ཀོང་གཞུང་གི་ལས་ཁང་ཉེ་འཁོར་དུ་སླེབས་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་ལྟར། མང་གཙོའི་གོམ་བགྲོད་ལས་འགུལ་གོ་སྒྲིག་བྱེད་མཁན་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་འཐབ་ཕྱོགས་ཚོགས་པར། ཧོང་ཀོང་གཞུང་གིས་ལས་འགུལ་བ་ཚོས་རང་བཙན་དང་འབྲེལ་བའི་སྦྱར་ཡིག་འཁྱེར་མི་རུང་བའི་བཀའ་བཏང་ཡོད་འདུག་ཀྱང་། གོ་སྒྲིག་པས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། གཞུང་གི་མི་སུ་གང་གིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས། གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱེད་པར་བཀག་འགོག་བྱེད་པའི་ཐོབ་ཐང་མེད་པ་ཡིན་པས། རང་བཙན་ལས་འགུལ་བ་ཚོས་ཞི་བདེའི་ངང་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ལས་འགུལ་གོ་སྒྲིག་པས་བརྗོད་པ་ལྟར་ན། མཉམ་ཞུགས་བྱེད་མཁན་མི་མང་༥༥༠༠ ཡོད་འདུག་ལ། ཉེན་རྟོག་པས་མི་མང་༣༢༠༠ མཉམ་ཞུགས་བྱས་ཡོད་སྐོར་བརྗོད་འདུག དེ་བཞིན་ལས་འགུལ་དེའི་ནང་རང་བཙན་ལས་འགུལ་བ་བརྒྱ་ལྷག་མཉམ་ཞུགས་ཀྱིས། རང་བཙན་དང་འབྲེལ་བའི་སྦྱར་ཡིག་དང་འཕྲེད་དར་སོགས་འཁྱེར་ནས་འབོད་ཚིག་བསྒྲགས་ཡོད་འདུག རང་བཙན་ལས་འགུལ་བའི་འགོ་ཁྲིད་གཅིག་གིས། ཧོང་ཀོང་ནང་རང་བཙན་གྱི་ལས་འགུལ་ལ་མུ་མཐུད་ནས་བཙན་གནོན་ཡོང་རྒྱུ་ཡིན་ཡང་། ལས་འགུལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་དང་། ལས་འགུལ་མ་སྤེལ་བའི་སྔོན་དུ། ཁྲིམས་འགལ་ལས་ལ་འཇུག་མཁན་ཚོགས་མི་ཁག་ཅིག་གིས་རང་བཙན་ལས་འགུལ་བ་ཁག་ཅིག་ལ་སུན་གཙེར་བཟོས་ཡོད་སྐོར་བརྗོད་འདུག

ལས་འགུལ་བ་ཁག་ཅིག་གིས་ཧོང་ཀོང་གི་ཁྲིམས་དཔོན་གྱི་དཔར་འཁྱེར་ནས། ཁྲིམས་དཔོན་དེས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་སྤྱི་ཁྱབ་དཔོན་ཟུར་པ་ལེང་ཆུན་ཡེང་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེར། འགྲེལ་བཤད་ཡག་པོ་མ་བརྒྱབ་པར་ཞིབ་འཇུག་མཚམས་འཇོག་བྱས་པར་སྐྱོན་བརྗོད་བྱས་འདུག

ལས་འགུལ་བ་རྒན་གྲས་ཤིག་གིས་འབྱུང་འགྱུར་གྱི་ལོ་ཤས་ནང་། ཧོང་ཀོང་གི་མང་གཙོ་ལས་འགུལ་བ་རྣམས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་ཡང་། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ལྟ་བུ་མིན་པར། ཧོང་ཀོང་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་ཐུབ་ཀྱི་ཡོད་པས། སེམས་ཤུགས་མི་ཆག་པར་མུ་མཐུད་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༡༩༩༧ ལོར་ཧོང་ཀོང་དེ་དབྱིན་ཡུལ་གྱི་དབང་བསྒྱུར་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་ཐོག་ནས། ཧོང་ཀོང་ནང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཆགས་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་ཧོང་ཀོང་ནང་རྒྱ་ནག་གཞུང་གི་གནོན་ཤུགས་དང་ཐེ་བྱུས་འོག མང་གཙོའི་ཁེ་དབང་རྣམས་མེད་པ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་གིས་ཧོང་ཀོང་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་པ་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་མང་པོ་བྱེད་བཞིན་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༢༠ ཀློག་གྲངས།