ཞི་ཅིན་ཕིང་གིས་ཐའེ་ཝན་མི་མང་ལ་ཉེན་བརྡ་བཏང་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲང་བདེན་གནད་དོན་དེ་འགྱུར་བ་གཏོང་ཐུབ་མཁན་སུ་གང་མེད་པས། ཐའེ་ཝན་མི་མང་གིས་རང་བཙན་བརྩད་ན་དཀའ་ངལ་མ་གཏོགས་ཡོང་རྒྱུ་མེད་པ་ངེས་ཤེས་རྙེད་པ་བྱས་ཏེ། ཞི་བའི་ངང་རྒྱ་ནག་གི་མངའ་ཁོངས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཕྱིར་ལོག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚང་མར་བཟོད་སྲན་བྱེད་ཐབས་མེད་སྐོར་བརྗོད་འདུག
ཟླ་༡ པོའི་ཚེས་༢ ཉིན་ཕྱི་ལོ་༡༩༧༩ ལོར་རྒྱ་ནག་གིས་ཐའེ་ཝན་གོ་མིན་ཏང་གཞུང་ལ་ཐོག་མར་འབྲེལ་བ་བྱས་ནས་ལོ་༤༠ འཁོར་བའི་དུས་དྲན་དང་བསྟུན་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཏམ་བཤད་གཅིག་སྤེལ་འདུག ཁོང་གིས་ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲང་བདེན་གྱི་གནད་དོན་དེ་འགྱུར་བ་གཏོང་ཐུབ་མཁན་སུ་གང་མེད་པས། རྒྱ་ནག་གིས་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་ལོག་ཡོང་ཐབས་སུ་དྲག་པོའི་དམག་འཐབ་བྱེད་པའི་ལམ་ཁ་ལ་འགྲོ་རྒྱུའི་འདམ་ག་མུ་མཐུད་ཉར་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་༡ པོའི་ཚེས་༡ ཉིན་ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝན་གྱིས། རྒྱ་ནག་གིས་ཐའེ་ཝན་རྒྱལ་ཁབ་ལོགས་སུ་ཆགས་ཡོད་པ་ཁས་ལེན་དང་། དེའི་མི་སེར་ས་ཡ་༢༣ གྱིས་རང་དབང་དང་མང་གཙོའི་རིན་ཐང་ལ་ཨུ་ཚུགས་ཀྱིས་སྲུང་སྐྱོབ་བྱེད་བཞིན་པ་དེར་གུས་བརྩི་བྱས་ཏེ། ཕྱོགས་གཉིས་བར་གྱི་མི་མཐུན་པའི་གནད་དོན་རྣམས་ཞི་བའི་ཐོག་སེལ་ཐབས་བྱེད་དགོས་སྐོར་བརྗོད་འདུག་ཀྱང་། ཉིན་རྗེས་མ་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་ཁྲིམས་ཐོག་ནས་ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲང་བདེན་གནད་དོན་དེ་འགྱུར་བ་གཏོང་ཐུབ་མཁན་སུ་གང་མེད་པ་དང་། རྒྱ་ནག་གིས་ད་བར་ཁ་བྲལ་དང་རང་བཙན་རྩོད་མཁན་གྱི་ལས་འགུལ་རྣམས་ཕམ་ཉེས་སུ་བཏང་ནས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པས། རྒྱ་ནག་གཉིས་སམ་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་ནས་བརྒྱུད་སྐུལ་བྱེད་མཁན་ཚང་མར་ངོ་རྒོལ་ཆེན་པོ་ཡོད་ཁར། ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་སུ་ཞི་བའི་ངང་ཕྱིར་ལོག་ཡོང་བའི་ལས་དོན་ལ་ཐེ་བྱུས་བྱེད་མཁན་ཕྱིའི་ཤུགས་རྐྱེན་རྣམས་ལ། དགོས་ངེས་ཀྱི་འཐབ་རྒོལ་བྱེད་རྒྱུའི་ཐོབ་ཐང་རྒྱ་ནག་ལ་ཡོད་སྐོར་བརྗོད་འདུག

ཞི་ཅིན་ཕིང་གིས་ཐའེ་ཝན་དང་རྒྱ་ནག་གཉིས་ནི་རྒྱ་ནག་ཁྱིམ་ཚང་ཆེན་པོའི་ནང་མི་གཅིག་པ་ཡིན་པས། ཐའེ་ཝན་གྱི་རང་བཙན་དེ་ནི་ལོ་རྒྱུས་དང་རྒྱབ་འགལ་འགྲོ་ཡི་ཡོད་པ་མ་ཟད། གྲུབ་འབྲས་ཐོན་ཐབས་མེད་པ་ཡིན་པས། ཐའེ་ཝན་མི་མང་གིས་རང་བཙན་བརྩད་ན་དཀའ་ངལ་མ་གཏོགས་ཡོང་རྒྱུ་མེད་པ་ཤེས་པ་བྱས་ཏེ། ཞི་བའི་ངང་རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་ལོག་བྱེད་རྒྱུ་གལ་ཆེན་ཡིན་པ་དང་དེ་ནི་གཡོལ་ཐབས་མེད་པའི་དགོས་ངེས་ཀྱི་ལས་དོན་ཞིག་ཡིན་སྐོར་བརྗོད་འདུག

དེ་བཞིན་ཁོང་གིས་རྒྱ་ནག་གིས་ཐའེ་ཝན་མི་མང་གི་ཆོས་དང་ཁྲིམས་ཀྱི་རང་དབང་རྣམས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞིའི་འོག་བརྩི་སྲུང་བྱེད་རྒྱུ་ཡིན་པས། ལམ་ལུགས་མི་འདྲ་བ་དེ་ཕྱོགས་གཉིས་བར་ཆིག་སྒྲིལ་ཡོང་བའི་བཀག་རྡོ་མིན་ཁར། གནད་དོན་དེ་ཁ་བྲལ་རིང་ལུགས་ཀྱི་སྙད་གདོགས་བྱེད་ཀྱི་ལག་ཆ་དེ་བས་བྱེད་བབ་མེད་པས། མ་འོངས་པར་ཕྱོགས་གཉིས་བར་གྱི་གྲོས་མོལ་ཚང་མའི་མཐར་ཐུག་དམིགས་ཡུལ་དེ་ཕྱོགས་གཉིས་གཅིག་ཏུ་བསྒྲིལ་རྒྱུ་དེ་ཡིན་དགོས་སྐོར་བརྗོད་འདུག

ཕྱི་ལོ་༡༩༧༩ ལོའི་ཟླ་༡ པའི་ནང་རྒྱ་ནག་གིས་ཐའེ་ཝན་གོ་མན་ཏང་གཞུང་གི་དབང་འཛིན་འོག་ཡོད་པའི་གླིང་ཕྲན་ཁག་ལ་དྲག་རྒོལ་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཏེ། ཐེངས་དང་པོར་ཐའེ་ཝན་གཞུང་ལ་འབྲེལ་བ་བྱས་ཏེ། རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་ལོག་བྱེད་པའི་དགོས་འདུན་བཏོན་ཡོད་འདུག ད་བར་གནད་དོན་དེའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་གང་ཡང་བྱུང་མེད་ཀྱང་། ཉེ་བའི་ཆར་ནས་རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་དང་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་རྣམས་ལ་གནོན་ཤུགས་སྤྲད་ནས། འབྲེལ་ལམ་བཅད་དུ་བཅུག་གི་ཡོད་པ་དང་། རྒྱལ་སྤྱིའི་ནང་ཐའེ་ཝན་ཟུར་དུ་འབུད་ཐབས་བྱེད་བཞིན་ཡོད་པ་རེད་དེ། ཨ་རིས་རྒྱ་ནག་དང་འབྲེལ་ལམ་ཁྲོད་ཐའེ་ཝན་གྱི་གནད་དོན་བེད་སྤྱོད་གཏོང་ཆེད་དུ། ཐའེ་ཝན་ལ་གོ་མཚོན་བཙོང་གི་ཡོད་ཁར། ཕྱི་ལོ་༢༠༡༨ ལོའི་ཟླ་༣ པའི་ནང་ཐའེ་ཝན་དང་ཨ་རི་གཉིས་བར་མཐོ་རིམ་དཔོན་རིགས་རྣམས་གཞུང་འབྲེལ་ཐོག་ཕན་ཚུན་འགྲིམ་འགྲུལ་བྱེད་རྒྱུའི་གྲོས་ཆོད་ལ་ཊོམ་གྱིས་མིང་རྟགས་བཀོད་ཡོད་པས། རྒྱ་ནག་གིས་ངོ་རྒོལ་ཆེན་པོ་བྱས་ཡོད་པ་དང་། དེ་བཞིན་ཟླ་༦ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐེ་པཱེ་ནང་ཨ་རིའི་ལྟེ་གནས་ཁང་ཞིག་སྒོ་འབྱེད་བྱས་ཡོད་ཁར། དེའི་ལས་དོན་དངོས་ནི་གཞུང་འབྲེལ་མིན་པའི་གཞུང་ཚབ་ཁང་ཞིག་ཡིན་འདུག

རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝན་གྱི་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ནས་བཟུང་། རྒྱ་ནག་གིས་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་བཅད་ཡོད་ཀྱང་། རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་དོན་དང་འོས་བསྡུར་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་པ་ལྟར། ལོ་སྔོན་མའི་ཟླ་༡༡ པའི་ནང་ཐའེ་ཝན་གྱི་ས་གནས་ཁག་གི་འོས་བསྡུར་གཞུང་འཛིན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་ནས། རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༩༥ ཀློག་གྲངས།