ཕྱི་ལོ་༢༠༡༨ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག

1 ༧གོང་ས་མཆོག་གི་གསུང་ཆོས།

ཕྱི་ཟླ་༡ ཚེས་༥ ཉིན་༸གོང་ས་མཆོག་གིས་རྡོ་རྗེ་གདན་དུ་བདེན་པ་བཞི་དང་སཱ་ལུའི་ལྗང་པའི་མདོའི་ཆོས་འབྲེལ་འགོ་བཙུགས་པ་དང་། ཚེས་༡༤ ཉིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

2 སྨན་རིའི་ཁྲི་འཛིན་༣༤ པ་འདེམས་ཐོན།

ཕྱི་ཟླ་༡ པོའི་ཚེས་༡ ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ། དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བར་མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་པ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པར་རྟགས་སྒྲིལ་དུ་བབས་ཡོད་པ་རེད།

3 རྙིང་མའི་དབུ་འཛིན་སྐུ་གཤེགས།

ཕྱི་ཟླ་༡ པོའི་ཚེས་༢༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྒྱལ་ཡོངས་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༢༩ པ་འཚོགས་བཞིན་པའི་སྐབས་ཀཿཐོག་དགེ་རྩེ་རིན་པོ་ཆེ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོས་ཡོད་པ་དང་། ཕྱི་ཟླ་༡༡ ཚེས་༡༩ ཉིན་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་དུ་སྐུ་གཤེགས།

4 བརྟན་བཞུགས།

ཕྱི་ཟླ་༣ ཚེས་༡ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་མ་སྤྱི་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞིག་ཕུལ་སོང་།

5 གསུམ་བཅུའི་དུས་དྲན།

ཕྱི་ཟླ་༣ པའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་ཞི་བའི་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་༥༩ དེ་གཞུང་འབྲེལ་གྱིས་སྲུང་བརྩི་བྱས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཇོར་ཇི་ཝེ་ཀར་Shri George Baker དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད། ཕྱི་ཟླ་༣ ཚེས་༡༢ ཉིན་ནི་ཕྱི་ལོ་༡༩༥༩ ལོའི་ཟླ་༣ ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་ཆེད་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ཞི་བའི་ངོ་རྒོལ་སྒེར་ལངས་བྱས་ནས་ལོ་ངོ་༥༩ འཁོར་བའི་ཉིན་མོ་སྲུང་བརྩི་བྱས།


6 དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ངོ་རྒོལ།

ཕྱི་ཟླ་༣ པའི་ཚེས་༢༡ ཉིན་བོད་མི་སྤྱི་འཐུས་གྲོས་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༥ པའི་ལས་ཉིན་༧ པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་འབུམ་རམས་པ་པདྨ་དབྱངས་ཅན་བཀའ་བློན་གྱི་འོས་མིར་མིང་འདོན་གནང་བ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་བྱ་བྱས་པར་བརྟེན། གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསང་བའི་འོས་ཤོག་འཕང་སྟེ། མང་མོས་ཀྱིས་བཀའ་བློན་དུ་བསྐོས། གྲོས་ཚོགས་འཚོགས་བཞིན་པ་དང་སྟབས་བསྟུན། ཕྱི་ཟླ་༣ ཚེས་༡༧ ནས་ཚེས་༢༤ བར་དྷ་ས་གངས་སྐྱིད་སྤོ་ལོའི་རྩེད་ཐང་དུ་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཁོང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་དང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། སྲིད་སྐྱོང་གི་ལས་དོན་གནང་ཕྱོགས་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་པའི་དགོས་འདུན་བཏོན། ཕྱི་ཟླ་༥ ཚེས་༡༨ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས། བཀའ་ཤག་གིས་དོན་གཅོད་ཀྱི་ལས་གནས་འཕོ་འགྱུར་གཏོང་སྟངས་མ་འགྲིག་སྐོར་དང་འབྲེལ་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད།

7 རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་སྡུར།

ཟླ་༤ པའི་ཚེས་༡༠ ཉིན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ཐེངས་༢༤ པའི་མཐའ་མའི་རྩེད་འགྲན་དེ་མོན་གྷོ་འདོད་རྒུ་གླིང་དང་སྒང་ཏོག་རུ་ཁག་གཉིས་བར་བྱས་ནས། མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་སྤོ་ལོ་༢ བླུགས་ནས་མཐའ་མའི་རྒྱལ་ཁ་བླངས་ཡོད་པ་རེད།

8 ༸གོང་ས་མཆོག་གི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་ལ་བཀའ་སློབ།

ཟླ་༥ ཚེས་༢ ཉིན་དྷ་ས་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་དང་། བཀའ་ཟུར་བཅས་ལ་མཇལ་ཁ་དང་ལེགས་སྐྱེས་རྗེས་དྲན་སླད་ཨ་ཤེ་མཇལ་དར་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་ཕྱག་རྟགས་གསོལ་བསྩལ་དང་བཀའ་སློབ་གནང་ཡོད་འདུག “ཨ་རི་དང་ཨོ་གླིང་། ཉི་ཧོང་སོགས་ནང་རྒྱ་རིགས་སློབ་མ་ཚོ་དང་ཐུག་སྐབས་ཐོག་མའི་ཆར་ཏོག་ཙམ་སྒམ་པོ་དང་ཐག་རིང་པོ་བྱས་ནས་བསྡད་པ་དང་། དེ་ནས་ང་ཚོས་རང་བཙན་རྩོད་ཀྱི་མེད་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་སྟངས་སྐོར་འགྲེལ་བཤད་རྒྱག་སྐབས་རང་བཞིན་གྱིས་སེམས་ལྷོད་ལྷོད་ཆགས་འགྲོ་གི་འདུག གང་ལྟར་ང་ཚོས་སྲིད་བྱུས་འཛིན་བཞིན་པ་འདིར་གྲུབ་འབྲས་རིམ་བཞིན་འཐོན་བཞིན་ཡོད་པའི་རྣམ་པ་འདུག”ཅེས་གསུངས་འདུག

9 བོད་རང་བཙན་དང་དབུ་མའི་ལམ་གྱི་ཚོགས་ཆེན།

ཕྱི་ཟླ་༥ ཚེས་༢༣ ཉིན་ནས་དྷ་ས་རྒྱ་གར་གཞུང་གི་མི་མང་ཚོགས་ཁང་དུ། ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་འཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་ཇེས་སིན་དང་། དམིགས་བསལ་སྐུ་མགྲོན་དུ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དང་། མཁས་དབང་འཇམ་དབྱངས་ནོར་བུ་བཅས་ཀྱིས་གཏམ་བཤད་གནང་། ཚེས་༢༤ ནས་ཉིན་ལྔ་རིང་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་ཨ་རིའི་མེ་ནི་སོ་ཊའི་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་བྱས་པའི། རྒྱལ་སྤྱིའི་དབུ་མའི་ལམ་ཚོགས་ཆེན་ཐེངས་དང་པོ་དེ། དྷ་སར་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བདམས་ཐོན་བྱུང་བའི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་། དམིགས་བསལ་སྐུ་མགྲོན་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་མན་ཀོ་ཀྲི་ཡ་དང་རྒྱ་རིགས་སློབ་དཔོན་ཤ་མིང་སོགས་ཀྱིས་གཏམ་བཤད་གནང་།

10 འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས།

ཕྱི་ཟླ་༩ པའི་ཚེས་༡༨ ནས་དྷ་ས་གངས་སྐྱིད་གྲོས་ཚོགས་ཁང་དུ། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦ པ་ལ་ཕྱི་ལོ་༢༠༡༧ དང་༢༠༡༨ ལོའི་ལས་བསྡོམས་ཀྱི་སྐོར་འཚོགས་ཡོད་པ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མུ་མཐུད་དགོས་པར་གཏན་འབེབས་བྱས་ཡོད་པ་རེད། ཆོལ་ཁ་དང་ཆོས་བརྒྱུད། ཚོགས་པ་སྐྱིད་སྡུག་ཁག་གིས་སྲིད་སྤྱིའི་འོས་མི་འདོན་མི་ཆོག་པ་དང་། སྔོན་འགྲོའི་འོས་གྲངས་སྲིད་སྐྱོང་འོས་མི་ཞིག་ལ་བརྒྱ་ཆ་དྲུག་ཅུ་ཡན་ཐོབ་ཡོད་ཚེ། དངོས་གཞིའི་འོས་བསྡུ་མ་དགོས་པར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱེད་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།

11 ༧རྒྱལ་དབང་ཀརྨ་པ་གཉིས་མཇལ་འཕྲད།

ཕྱི་ཟླ་༡༠ ཚེས༡༡ ཉིན་༧རྒྱལ་བ་མཐའ་ཡས་རྡོ་རྗེ་དང་༧རྒྱལ་བ་འཕྲིན་ལས་རྡོ་རྗེ་གཉིས་ཧྥ་རན་སིར་མཇལ་འཕྲད་གནང་རྗེས། མཉམ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། མཇལ་འཕྲད་འདི་ནི་གཙོ་བོ་ཕན་ཚུན་སྐུ་སྒེར་གྱི་དབར་རྒྱུས་མངའ་དང་འབྲེལ་འདྲིས་ཡོང་བ་དང་། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་བའི་ཆེད་མཉམ་དུ་ཕྱག་ལས་གནང་ཕྱོགས་ཇི་དགེའི་སྐོར་དགོངས་ཚུལ་སྤེལ་རེས་དང་བཀའ་སྡུར་གནང་ཡོད་པ་རེད།

12 རྒྱ་རི་རིན་པོ་ཆེ་སྐུ་གྲོངས།

ཕྱི་ཟླ་༡༠ ཚེས་༢༩ ཉིན་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་ཨ་རི་ནས་སྐུ་གྲོངས་ཡོད་པ་དང་། ཁོང་གིས་བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་། སྤྱི་འཐུས་ཚོགས་གཙོ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཅས་ཀྱི་འགན་བཞེས་མྱོང་ཡོད་པ་རེད།

13 ཚོགས་གཙོའི་དམ་འབུལ།

ཕྱི་ཟླ་༡༢ པའི་ཚེས་༡ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཀྱི་ཚོགས་ཁང་གསར་པའི་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱི་མདུན་དུ་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་ཚོགས་དུས་དང་པོའི་ཐོག་འདེམས་ཐོན་བྱུང་བའི་ཚོགས་གཙོ་པདྨ་འབྱུང་གནས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

14 ཨ་རིའི་བོད་དོན་དང་འབྲེལ་བའི་ཁྲིམས་འཆར།

རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། ཟླ་༡༢ པའི་ཚེས་༡༩ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས། བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་འཆར་ལ་མིང་རྟགས་བཀོད་ནས་དངོས་སུ་ཁྲིམས་ལ་གཏན་འབེབས་བྱུང་འདུག ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འཐུས་མིས། རྒྱ་ནག་གི་མི་སེར་རྣམས་ཨ་རིར་ཡོང་རྒྱུའི་ཐོབ་ཐང་ཆེན་པོ་ཡོད་པ་དེ་ཡག་པོ་ཡིན་ཡང་། ཨ་རིའི་མི་སེར་དང་སློབ་མ། དེ་བཞིན་གཞུང་འབྲེལ་སྐུ་ཚབ་རྣམས་བོད་དུ་འགྲོ་རྒྱུའི་ཐོབ་ཐང་འདྲ་མཉམ་ཐོབ་ཀྱི་མེད་པ་དང་། དེའི་ནང་ཨ་རིའི་མི་སེར་ཡིན་པའི་བོད་རིགས་རྣམས་ཀྱང་རང་གི་ཕ་ཡུལ་དུ་འགྲོ་རྒྱུའི་ཐོབ་ཐང་མེད་པ་དེ་ནི་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པ། གལ་ཏེ་རྒྱ་ནག་ལ་རང་གི་ལས་བྱེད་དང་སློབ་མ། གསར་འགོད་པ། དེ་བཞིན་མི་སེར་གཞན་རྣམས་ཨ་རིར་རང་དབང་ཐོག་འགྲོ་བསྐྱོད་ཐུབ་པ་ཡོང་དགོས་ཀྱི་ཡོད་ན། ཨ་རིའི་མི་སེར་རྣམས་ཀྱིས་བོད་ཚུད་པའི་རྒྱ་ནག་ནང་དུ་རང་དབང་ངང་འགྲོ་བསྐྱོད་ཐུབ་པ་བཟོ་དགོས་སྐོར་བརྗོད་ཡོད་པ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ཕྱོགས་སྒྲིག་བྱས།

Share this:
༡༨༤༤ ཀློག་གྲངས།