བྷེ་ར་ཛེལ་སྲིད་འཛིན་གྱི་བཀའ་ཁྱབ་དང་པོ་རྣམས་གྲངས་ཉུང་མི་རིགས་ལ་ཁ་གཏད་ཤ་སྟག་ཡིན་འདུག

རྒྱལ་སྤྱིའི་ནང་བྷེ་ར་ཛེལ་གྱི་ཊོམ་ཞེས་བརྗོད་བཞིན་པའི་བྷེ་ར་ཛེལ་གྱི་སྲིད་འཛིན་གསར་པ་ཇེར་བྷོལ་སོ་ནཱ་རོ་ཡིས། ལས་ཡུན་འགོ་བཙུགས་མ་ཐག རྒྱལ་ཁབ་དེའི་ནང་གི་གདོད་མའི་མི་རིགས་དང་མཚན་མཐུན་དགའ་རོགས་བྱེད་མཁན་སོགས་ལ་ཁ་གཏད་ཀྱི་བཀའ་ཁྱབ་ཁག་ཅིག་བཏང་ཡོད་འདུག་པས། རྒྱལ་ཁབ་དེའི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་དང་གདོད་མའི་མི་རིགས། མཚན་མཐུན་དགའ་རོགས་བྱེད་མཁན་སོགས་ལ་སེམས་འཚབ་ཆེན་པོ་བཟོས་འདུག

ཟླ་༡ པོའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་བྷེ་ར་ཛེལ་གྱི་སྲིད་འཛིན་གསར་པས། དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས། གདོད་མའི་མི་རིགས་ལ་ཟུར་འཇོག་བྱས་པའི་ས་ཆ་དེ་དག་མེད་པ་བཟོ་རྒྱུ་དང་། དེ་བཞིན་སྲུང་སྐྱོབ་འོག་ཡོད་པའི་རྒྱལ་ཁབ་དེའི་ཨེ་མན་ཛོན་ཤིང་ནགས་ནང་འཛུགས་སྐྲུན་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། ཁོང་གིས་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་བྱས་རྗེས་ཀྱི་བཀའ་ཁྱབ་དང་པོའི་ནང་། གདོད་མའི་མི་རིགས་ལ་ཟུར་འཇོག་བྱས་པའི་ས་ཆ་ཁག་གི་འཛིན་སྐྱོང་བྱེད་རྒྱུའི་འགན་དེ། ཞིང་ལས་ཀྱི་ལས་ཁང་ལ་རྩིས་སྤྲོད་བྱས་འདུག་པས། གདོད་མའི་མི་རིགས་རྣམས་ཀྱི་ས་ཆར་ཞིང་ལས་ཀྱི་ལས་དོན་དང་། ཤིང་ནག་གཅོད་འབྲེག་གི་ལས་དོན་ཁྱབ་ཆེན་པོ་འབྱུང་རྒྱུ་ཡིན་འདུག་ཁར། གདོད་མའི་མི་རིགས་ཐོག་དྲག་རྒོལ་གྱི་གནད་དོན་མང་དུ་འགྲོ་ཉེན་ཡོད་པའི་སེམས་འཚབ་བྱེད་མཁན་ཡང་འདུག

སྲིད་འཛིན་ཁོང་གིས་ཨ་རིའི་སྲིད་འཛིན་ཊོམ་ལྟར་བསམ་ཚུལ་མང་པོ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཊེའུ་ཊར་ཐོག་སྤེལ་བཞིན་ཡོད་པ་ལྟར། ཐེངས་འདིར་བརྒྱུད་ལམ་དེའི་ཐོག་ཏུ། བྷེ་ར་ཛེལ་གྱི་ས་ཁོངས་བརྒྱ་ཆ་༡༥ ལས་མང་བ་ཞིག གདོད་མའི་མི་རིགས་དང་བྲན་གཡོག་གི་མི་རབས་རྣམས་ཀྱི་ཆེད་དུ་ཟུར་འཇོག་བྱས་ཡོད་པ་དང་། ས་ཁོངས་དེ་དག་ནང་མི་མང་ས་ཡ་གཅིག་ལས་ཉུང་བ་ཞིག་ཟུར་དུ་གནས་སྡོད་བྱེད་བཞིན་ཡོད་པས། ཁོ་ཚོར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བཤུ་བཞོག་དང་བརྒྱུད་སྐུལ་བྱེད་བཞིན་ཡོད་སྐོར་བརྗོད་ནས། མི་མང་དེ་ཚོ་བྷེ་ར་ཛེལ་གྱི་སྤྱི་ཚོགས་ནང་མཉམ་བསྲེས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་འཕྲོད་བསྟེན་བློན་ཆེན་གསར་པས་གདོད་མའི་མི་རིགས་ཐོག་གི་སྨན་བཅོས་ལྟ་སྐྱོང་གི་མ་དངུལ་དེ་ཉུང་འཕྲི་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་ཁར། སྲིད་འཛིན་ཁོང་གིས་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་ཁག་ནང་། རིག་གཞུང་དང་མི་རིགས་འདྲ་མིན་ཐོག་གི་སློབ་སྦྱོང་དང་ཁོར་ཡུག་ཁྱབ་སྤེལ་གྱི་ལས་གཞི་སྤེལ་མཁན་ལས་ཁང་དེ་སྒོ་རྒྱག་རྒྱུའི་གསལ་བསྒྲགས་ཀྱང་བྱེད་རྒྱུ་ཡིན་འདུག

རྒྱལ་སྤྱིའི་ནང་ཤིང་ནགས་ཆེ་ཤོས་གྲས་སུ་ཚུད་པའི་ཨེ་མན་ཛོན་ཤིང་ནགས་དང་ཤིང་ནགས་གཞན་གྱི་འཛིན་སྐྱོང་ལས་དོན་དེ་ཤིང་ནགས་ལས་ཁང་ནས་ཞིང་ལས་སྡེ་ཚན་ལས་ཁང་ལ་རྩིས་སྤྲོད་བྱས་འདུག་པས། གནད་དོན་དེ་ལ་བརྟེན་ནས་རྒྱུན་རིང་ནས་སྲུང་སྐྱོབ་བྱས་པའི་ཤིང་ནགས་དེ་ཚོའི་ནང་། ཞིང་ལས་དང་དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་སྤེལ་རྒྱུའི་འཆར་གཞི་ཡོད་པ་ལྟར། དངོས་སུ་ལག་ལེན་བསྟར་ཉེན་ཡོད་འདུག

དེ་བཞིན་དེ་སྔོན་མཚན་མཐུན་དགའ་རོགས་བྱེད་མཁན་གྱི་བདེ་སྡུག་ལྟ་རྟོག་བྱེད་མཁན་གྱི་ལས་ཁང་དེ་མེད་པ་བཟོས་འདུག་པས། མི་མང་དེ་དག་གིས་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག དེ་ཡང་སྲིད་འཛིན་བྷོལ་སོ་ནཱ་རོ་ཡིས། མཚན་མཐུན་དགའ་རོགས་བྱེད་པའི་ལམ་ལུགས་དེ་ནི་ཡེ་ཤུ་ཆོས་ལུགས་དང་མཐུན་གྱི་མེད་ཁར། བྷེ་ར་ཛེལ་གྱི་ཁྱིམ་ཚང་རྣམས་ཀྱི་གནས་སྟངས་ལ་གནོད་སྐྱོན་གཏོང་གི་ཡོད་སྐོར་བརྗོད་མྱོང་འདུག་པས། ཁོང་གི་སྲིད་འཛིན་ལས་ཡུན་སྐབས་སུ། མཚན་མཐུན་དགའ་རོགས་བྱེད་མཁན་རྣམས་ལ་ལྟ་རྟོག་ཡོང་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

སྲིད་འཛིན་ཁོང་གིས་དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས་སུ། བྷེ་ར་ཛེལ་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་རྣམས་ཀྱི་དབང་ཚད་ཆུང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ནང་དུ་གཏེར་ཁ་སྔོག་འདོན་དང་། གདོད་མའི་མི་རིགས་ལ་ཟུར་འཇོག་བྱས་པའི་ས་ཁོངས་ཁག་ཏུ་ཚོང་ལས་ལ་དམིགས་པས་ཞིང་ལས་བྱེད་དུ་འཇུག་རྒྱུའི་ཁས་ལེན་བྱས་འདུག

བྷེ་ར་ཛེལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་༤༥ ལས་གྲུབ་པའི་འབྲེལ་མཐུད་ཁང་གིས། སྲིད་འཛིན་ཁོང་གི་བཀའ་ཁྱབ་དེ་དག་ནི། དེ་སྔོན་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛིན་སྐྱོང་ནུས་མེད་བཟོ་རྒྱུ་དང་། གདོད་མའི་མི་རིགས་རྣམས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ། དེ་བཞིན་གདོད་མའི་མི་རིགས་ལ་ཟུར་འཇོག་བྱས་པའི་ས་ཁོངས་ཁག་ལ་ཚོང་ལས་འགོ་འཛུགས་བྱེད་རྒྱུའི་ཁས་ལེན་དམ་བཅའ་རྣམས་དངོས་སུ་ལག་བསྟར་བྱེད་པའི་གོམས་པ་དང་པོ་ཡིན་སྐོར་བརྗོད་འདུག

ཁོང་གི་བཀའ་ཁྱབ་དེ་རྣམས་ཉིན་གྲངས་༡༢༠ ཡི་ནང་ཚུད་དུ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་མ་ཐོབ་ཚེ་ནུས་མེད་ཆགས་རྒྱུ་ཡིན་འདུག་པ་དང་། ད་ལྟའི་ཆར་གྲོས་ཚོགས་ནང་སྲིད་འཛིན་ཁོང་གི་སྲིད་དོན་ཚོགས་པར་མང་མོས་རྐུབ་སྟེགས་མེད་པས། ཁོང་གི་ལྟ་ཕྱོགས་དང་མཐུན་པའི་སྲིད་དོན་ཚོགས་པ་གཞན་རྣམས་ཀྱི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་བཙལ་དགོས་ཀྱི་ཡོད་འདུག

ཕྱི་ལོ་༢༠༡༨ ལོའི་བྷེ་ར་ཛེལ་གྱི་སྲིད་འཛིན་འོས་བསྡུ་དེ་རྙོག་གླེང་ཤིན་ཏུ་ཆེན་པོ་བྱུང་ཡོད་ཁར། མི་མང་ནང་འགལ་ཟླ་ཆེན་པོ་ཆགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༦༦ ཀློག་གྲངས།