རྒྱའི་ལྟ་གྲུབ་གཞུང་ལུགས་ཤིག་བོད་སྒྱུར་བྱས་པའི་དཔེ་དེབ་འགྲེམས་སྤེལ།

གནས་མཆོག་རྡོ་རྗེ་གདན་གྱི་ཇེ་ཁེ་ཕི་ལཱའི་སི་ཞེས་པའི་མགྲོན་ཁང་དུ་《དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་》《PIATFORM SUTRA 》《六祖壇經 》ཞེས་པའི་ལེའུ་བཅུ་ཅན་གྱི་བསམ་གཏན་གཞུང་ལུགས་ཀྱི་དཔེ་བོད་སྒྱུར་བྱས་པའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་རེད།

དེ་ཡང་ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༢༠༡༨ ལོའི་ཕྱི་ཟླ་༡༢ ཚེས་༣༡ ཉིན་གྱི་དགོང་མོ་རྡོར་གདན་དུ་དཔེ་དེབ་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། གཞུང་དེ་ནི་རྒྱ་བརྒྱུད་ནང་བསྟན་ཁྲོད་སངས་རྒྱས་གཉིས་པ་ཞེས་གྲགས་པའི་སློབ་དཔོན་ཆེན་པོ་ཧུའི་ནིང་གིས་མཛད་པ་དང་། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བོད་ཡིག་ཏུ་བསྒྱུར་ཞིང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གླེང་བརྗོད་བྲིས་ཡོད་པ་རེད།

ཐེངས་འདིའི་མཛད་སྒོའི་ཐོག རྫ་ཚེ་རིང་བཀྲ་ཤིས་ཀྱིས་བོད་སྒྱུར་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། “དེང་གི་དུས་འདིར་རྒྱ་རིགས་མང་པོས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་དུས་མཚུངས་རྒྱའི་སྤྱི་ཚོགས་ལ་ཆོས་ཀྱི་སློབ་སྟོན་གནང་མཁན་བོད་ཀྱི་བླ་མ་དག་གིས་རྒྱ་རིགས་ཀྱི་མི་ལོ་སྟོང་ཕྲག་རང་གི་རིག་གཞུང་གི་ལྟེ་བ་ཡིན་པའི་གཞུང་ལུགས་འདི་ལ་མཁྱེན་རྟོགས་གནང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་ངེས་པ་དང་། གཞུང་འདི་མདོ་སྔགས་མཚམས་སྦྱོར་གྱི་ངེས་དོན་གྱི་བསྒོམ་རིམ་ཞིག་ཡིན་པ་མ་ཟད། ལམ་འདིར་ཞུགས་ནས་རྟོགས་པ་བརྙེས་པའི་སྐྱེས་བུ་དམ་པ་དག་གི་རྣམ་ཐར་ཕལ་ཆེ་བ་ཧ་ཅང་ངོ་མཚར་ཅན་དུ་ཡོད་ཅིང་། དེ་དག་དང་རང་རེའི་གསང་སྔགས་ཀྱི་ལྟ་དགོངས་གཉིས་ཤིན་ཏུ་ཉེ་བ་ཡོད་པ་འདི་ཕན་ཚུན་ར་འཕྲོད་པ་ཞིག་བྱུང་ན། རང་རེ་ཡང་རང་རང་གི་ཆོས་ལས་གཞན་པའི་ཆོས་ཟབ་མོ་གང་ན་ཡང་ཡོད་མི་སྲིད་སྙམ་པའི་རང་མཐོང་གི་ང་རྒྱལ་ཆུང་དུ་སོང་ནས་གཞན་ལུགས་ལ་དག་སྣང་དང་མོས་གུས་ཕྱོགས་མེད་དུ་སྐྱེ་བ་དང་། རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་ཡག་པོ་མེད་མཁན་དག་ལ་ཡང་ཁོང་དག་གིས་རྩ་ཆེན་དུ་བརྩི་བའི་གཞུང་ལུགས་ཀྱི་དགོངས་དོན་དཔང་པོར་བཞག་ནས་འཆད་ཁྲིད་དང་གསལ་བཤད་ལན་འདེབས་སོགས་གནང་ཐུབ་པ་བྱུང་ན་ནུས་པ་དམིགས་བསལ་ཐོན་ངེས་པ་དང་། ཁྱད་པར་དུ་གནའ་ནས་ད་བར་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་གྲུབ་ཀྱི་སྐོར་ལ་གོ་བ་ཡང་དག་པ་ཞིག་ལོན་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་ངེས་ཡིན་པ་དང་། གཞུང་འདི་ཉམས་མགུར་དང་རྣམ་ཐར་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པར་ཡོད་པས་སུས་ཀྱང་གོ་ཐུབ་པས། ཀློག་བདེ་ལ་དོན་དོན་ཟབ་པ་མཁས་པས་དཔྱད་ན་དོན་ཟབ་པ། གྲུབ་པས་གཟིགས་ན་བྱིན་ཆེ་བ། བླུན་པོས་མཇལ་ཡང་གོ་བདེ་བ་ཞིག་ཡོད་པ་རེད་”ཅེས་གསུངས་འདུག

ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་གཙང་ཁ་བསོད་ནམས་རྡོ་རྗེས་ཁམས་པའི་སྨྱུག་ཚོགས་ཀྱི་མིང་ཐོག་ནས་དེབ་འདི་དཔར་སྐྲུན་ཞུ་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཚུལ་དང་། དེབ་འདི་ལྟ་བུ་བོད་དུ་བསྒྱུར་པ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་ལ་གསུང་བཤད་གནང་།

དེ་ནས་རྒྱལ་སྤྱིའི་སྔ་འགྱུར་རིག་འཛིན་འདུས་སྡེའི་དབུ་འཛིན་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་། འབྲུག་རྒྱལ་ཡོངས་ཆོས་དོན་ལས་ཁུངས་ཀྱི་སྔ་འགྱུར་རྙིང་མའི་དྲུང་ཆེ་མཁས་དབང་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། སེ་ར་བྱེས་སློབ་གཉེར་དགེན་སེལ་ཤུལ་དགེ་བཤེས་ལྷ་རམས་པ་བསམ་འཕེལ་དོན་འགྲུབ།ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དབུ་འཛིན་རྒྱུན་ལས་ལྷ་རམས་པ་ཧ་ཤེན་རིན་པོ་ཆེ། དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཚོགས་པའི་ཚོགས་གཞོན་རྫོང་སར་མཁན་པོ་མཁྱེན་བརྩེ་བཅས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་ཞིང་། སྒྱུར་བ་པོའི་ལྷག་བསམ་དང་སྒྱུར་རྩོམ་འདིའི་གལ་ཆེའི་རང་བཞིན་སོགས་ལ་གདེངས་འཇོག་ཆེན་པོ་མཛད་པ་མ་ཟད། ༧གོང་ས་མཆོག་གི་བཀའ་དགོངས་བཞིན། ནང་པའི་ཆོས་གྲོགས་གཞན་དག་གི་བར་ལ་དོན་དམ་པའི་གུས་བཀུར་དང་དག་སྣང་མཐུན་ལམ་བཅས་ཡོང་དགོས་ན་དེ་དག་གི་གཞུང་དངོས་དེ་ངེས་པར་ཤེས་དགོས་པ་དང་། དེའི་ཆ་ནས་གཞུང་འདི་ལྟ་བུ་བོད་ཡིག་ཏུ་བསྒྱུར་པ་ནི་བོད་ཀྱི་རིག་གཞུང་ལ་རིག་གཞུང་ནང་འདྲེན་གྱི་ཞབས་འདེགས་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་དང་གདེངས་འཇོག་མཛད།

གཞུང་ལུགས་དེ་ལ་ཁྱོན་ལེའུ་བཅུ་ཡོད་ཅིང་། ད་བར་འཛམ་བུ་གླིང་གི་སྐད་རིགས་ཤིན་ཏུ་མང་པོར་བསྒྱུར་ཡོད་པ་དང་། དབྱིན་ཡིག་ཁོ་ནར་ཡང་འགྱུར་མ་འདྲ་བ་བཅུ་བྱུང་ཡོད་འདུག གཞུང་འདི་ནི་རྒྱ་ནག་གི་བསམ་གཏན་པའི་གྲུབ་མཐའི་ཕུགས་གཏུགས་ས་ལྟ་བུ་ཞིག་ཡིན་པར་མ་ཟད། རྒྱ་ནག་དང་ཉི་ཧོང་སོགས་རྒྱ་བརྒྱུད་ནང་པའི་བསྟན་པ་དར་ཡུལ་ཐམས་ཅད་ཀྱིས་རྒྱ་ནག་རང་གི་ནང་པའི་སློབ་དཔོན་ཞིག་གིས་བརྩམས་པའི་བསྟན་བཅོས་ཞིག་ལ་འདི་ལས་གྲགས་པ་དང་ཤུགས་རྐྱེན་ཆེ་བ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

སྤྱིར་གཞུང་འདི་བསྟན་བཅོས་ཡིན་ཡང་། ཁོང་ཚོས་བཀའ་དང་ཁྱད་མེད་དུ་བཀུར་ནས་མདོ་ཞེས་མཚན་ཏུ་བཏགས་ཤིང་། དེ་ནི་བསྟན་བཅོས་ལ་བཀའ་ཡིས་སྨྲོས་པའི་གཞུང་གཅིག་པུ་དེ་ཡིན་པར་བཤད་ཀྱི་ཡོད་པ་དང་། ད་ཆ་བོད་ནང་དུ་ཡང་དཔར་སྐྲུན་བྱ་བཞིན་ཡོད་འདུག

སྒྱུར་བ་པོས་བརྩམས་པའི་བསམ་གཏན་ཆོས་བརྒྱུད་སྤྱི་དང་ཁྱད་པར་སྟེགས་མདོ་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་《སྟེགས་མདོའི་སྟོང་ཐུན་ཉི་ཟླའི་འོད་ཟེར་》ཞེས་པའི་ཞིབ་འཇུག་རྩོམ་ཡིག་རྒྱས་པ་ཞིག་ཀྱང་ཟུར་རྒྱན་གྱི་ཚུལ་དུ་མཉམ་དུ་དཔར་སྐྲུན་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༢༤༠ ཀློག་གྲངས།