རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་ཀུ་ཤུ་ཚོང་ལས་ཁང་ལ་གནོད་སྐྱོན།

ཨ་རི་དང་རྒྱ་ནག་གི་ཚོང་དམག་དང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས། ཨ་རིའི་ཀུ་ཤུ་ཚོང་ལས་ཁང་གི་ཚོང་འབབ་ཚོད་དཔག་མར་ཆགས་ཡོད་པ་རེད་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཀུ་ཤུ་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཊེམ་ཀུག་གིས། ཚོང་ལས་ཁང་དེའི་མ་འཛུགས་བྱེད་པོ་རྣམས་ལ་བཏང་བའི་འཕྲིན་ཡིག་ནང་། ཐེངས་འདིའི་ཟླ་བཞིའི་རེའི་མཚམས་ཀྱི་ཚོང་འབབ། དེ་སྔོན་ཨ་སྒོར་ཐེར་འབུམ་༨༩ དང་༩༣ བར་ཚོད་དཔག་བྱས་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས། ཀུ་ཤུ་ཁ་པར་ཐོན་གསར་པ་ཉོ་མཁན་ཉུང་དུ་ཕྱིན་ནས། ཚོང་འབབ་ཨ་སྒོར་ཐེར་འབུམ་༨༤ ཡོང་རྒྱུ་ཚོད་དཔག་བྱས་ཡོད་འདུག གནས་ཚུལ་དེ་ཁྱབ་རྗེས་ཀུ་ཤུ་ཚོང་ལས་ཁང་གི་མ་རྐང་རིན་ཐང་བརྒྱ་ཆ་༧ ལས་མང་བ་མར་ཆགས་འདུག

དེ་ཡང་ལོ་བཅོ་ལྔའི་ནང་ཐེངས་དང་པོར་ཀུ་ཤུ་ཚོང་ལས་ཁང་གིས་ཚོང་འབབ་ཀྱི་ཚོད་དཔག་མར་བཅག་ཡོད་པ་དང་། སྤྱི་ཁྱབ་འགན་འཛིན་གྱིས་རྒྱ་ནག་ཆེན་པོའི་(དེ་ཡང་རྒྱ་ནག་དང་ཐའེ་ཝན། ཧོང་ཀོང་བཅས་གོ་ཡི་ཡོད་འདུག)ནང་དཔལ་འབྱོར་ཉམས་རྒུད་ཀྱི་ཚད་གཞི་ཚོད་དཔག་བྱེད་ཐུབ་མེད་ཁར། ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་ལ་བརྟེན་ནས་དཔལ་འབྱོར་གྱི་ཁོར་ཡུག་ལ་གནོད་སྐྱོན་བཏང་ཡོད་སྐོར་བརྗོད་འདུག

ཨ་རིའི་ནང་ཚོང་ལས་ཁང་ཆེ་གྲས་ཁོངས་ནས་ཨ་རི་དང་རྒྱ་ནག་བར་གྱི་ཚོང་དམག་ལ་བརྟེན་ནས། གནོད་འཚེ་བྱུང་སྐོར་བརྗོད་མཁན་ཐོག་མར་དེ་ཀུ་ཤུ་ཚོང་ལས་ཁང་ཡིན་ཚོད་འདུག་པ་དང་། ལོ་སྔོན་མར་ཀུ་ཤུ་ཚོང་ལས་ཁང་གི་རྒྱལ་སྤྱིའི་ཚོང་འབབ་ཨ་སྒོར་ཐེར་འབུམ་༢༦༥ ཡི་ལྔ་ཆ་གཅིག་རྒྱ་ནག་དང་ཐའེ་ཝན། ཧོང་ཀོང་བཅས་ནས་ཡོང་ཡོད་འདུག་པས། ཚོང་འབབ་ཡོང་ཁུངས་ཆེ་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་ཁར། ཕྱི་ལོ་༢༠༡༣ ལོར་ཚོང་ལས་ཁང་དེས་ཁུལ་དེ་དག་གི་ཚོང་འབབ་ཡོང་ཁུངས་ཆེ་ཤོས་དང་པོ་ཆགས་རྒྱུར་ཚོད་དཔག་ཀྱང་བྱས་མྱོང་འདུག

རྒྱ་ནག་ཁྲོམས་ར་ཉམས་ཞིབ་ཁང་གི་འགན་འཛིན་གྱིས། ཀུ་ཤུ་ཚོང་ལས་ཁང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ཡོད་པ་དང་། དེ་བཞིན་ཚོང་དམག་ལ་བརྟེན་ནས་ཚོང་གི་འགྲོས་ངེས་མེད་ཆགས་ཡོད་པས། ལོ་མང་ནང་ཚོང་འབབ་ཉུང་ཤོས་དེ་ཆགས་ཡོད་སྐོར་བརྗོད་འདུག

ཀུ་ཤུ་ཚོང་ལས་ཁང་གི་ཚོང་ཟོག་རྣམས་ཀྱི་མ་ལག་ཆ་འགྲིག་རྒྱ་ནག་ནང་དུ་བྱས་ནས་ཨ་རི་དང་རྒྱལ་སྤྱིའི་ཁྲོམ་ར་ཁག་ལ་ཕྱིར་འདྲེན་བྱེད་ཀྱི་ཡོད་པས། དེ་སྔོན་ཚོང་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་གྱིས་སྲིད་འཛིན་ཊོམ་ལ་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་ཁོངས་སུ་ཀུ་ཤུ་ཚོང་ལས་ཁང་གི་ཐོན་རྫས་ལ་སྒོ་ཁྲལ་མི་རྒྱག་པའི་ཞུ་གཏུག་བྱས་འདུག་ཀྱང་། ཚོང་དམག་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་ཡོད་པས། རྒྱ་ནག་ནང་མི་མང་ཚོས་ཀུ་ཤུ་ཁ་པར་ཐོན་གསར་པ་མི་ཉོས་པར། རྙིང་པ་བེད་སྤྱོད་མུ་མཐུད་བྱེད་བཞིན་ཡོད་ཁར། མང་པོ་ཞིག་གིས་རིན་གོང་ཀུ་ཤུ་ཁ་པར་ལས་ཆུང་བའི་རྒྱ་ནག་གི་ཚོང་ལས་ཁང་ནས་བཏོན་པའི་ཁ་པར་ཉོ་ཡི་ཡོད་པས། ཀུ་ཤུ་ཚོང་ལས་ཁང་གི་ཚོང་འབབ་ཉུང་དུ་འགྲོ་བཞིན་ཡོད་འདུག

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་རྩིས་ལོ་འདིའི་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་༦.༢ ལ་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཚད་གཞི་འདི་ལོ་སྔོན་མའི་འཕེལ་རྒྱས་ཀྱི་ཚད་གཞི་༦.༩ ནས་ཉུང་དུ་ཕྱིན་པ་རེད་འདུག འོན་ཀྱང་དཔྱད་བརྗོད་པ་མང་པོ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཀྱི་ཚད་གཞི་དེ་ལས་ཚབས་ཆེ་བ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་འདུག དེ་ཡང་རྒྱ་ནག་ནི་རྒྱལ་སྤྱིའི་ནང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་པ་དེ་ཡིན་ཁར། ཨ་རི་ནས་ཚོང་ཟོག་ནང་འདྲེན་བྱེད་མཁན་ཆེ་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག་པས། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས། ཨ་རིའི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ལས་ཀའི་གནས་བབ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སླེབས་རྒྱུ་ཡིན་འདུག

ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་གསར་པ་མི་རྒྱག་བར། ཕྱོགས་གཉིས་བར་གྱི་དཀའ་གནད་རྣམས་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། དེ་སྔོན་ཕྱོགས་གཉིས་བར་ཚོང་ཟོག་ཐོག་གི་སྒོ་ཁྲལ་བརྒྱབ་པ་རྣམས་རང་སོར་བཞག་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༥༡༣ ཀློག་གྲངས།