ལྕམ་ནན་སི་པཱ་ལོ་སི་ཚོགས་གཙོར་འདེམས་ཐོན་བྱུང་བར་༧གོང་ས་མཆོག་གི་གསུང་འཕྲིན།

ཟླ་འདིའི་ཚེས་༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལྕམ་ནན་སི་པཱ་ལོ་སི་མང་མོས་ཐོག་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་དང་། ཁོང་གིས་ཕྱི་ལོ་༢༠༠༧ ནས་༢༠༡༡ བར་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཁུར་བྱེད་མྱོང་ཡོད་འདུག

དེ་ཡང་ལོ་སྔོན་མའི་ཟླ་༡༡ ནང་ཨ་རིའི་གྲོས་ཚོགས་ཀྱི་བར་མའི་འོས་བསྡུའི་གྲུབ་དོན་དུ། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པར་མང་མོས་ཐོབ་པར་དགོས་ངེས་ཀྱི་རྐུབ་སྟེགས་ལས་མང་བ་ཐོབ་ཡོད་པ་དང་། ད་ལྟའི་ཆར་ལྕམ་ནན་སིས་པཱ་ལོ་སི་གྲོས་ཚོགས་འོག་མའི་འཐུས་མི་སྐབས་༡༧ པ་དེ་བྱེད་བཞིན་ཡོད་འདུག

ལྕམ་ཁོང་གིས་ཚོགས་གཙོའི་ལས་ཀྱི་འགན་བཞེས་སྐབས། ཨ་རིའི་ནང་བུད་མེད་ལ་འོས་ཤོག་གི་ཐོབ་ཐང་ཐོབ་ནས་ལོ་༡༠༠ འཁོར་བའི་སྐབས་དེར། གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་དགའ་སྤོབས་ཡོད་པ་དང་། དེ་བཞིན་ལོ་རྒྱུས་ནང་གྲོས་ཚོགས་འོག་མའི་ནང་བུད་མེད་འཐུས་མི་མང་ཤོས་འདེམས་ཐོན་བྱུང་བ་རྣམས་དང་ཞབས་ཞུ་བྱེད་རྒྱུའི་ནུས་པ་དང་གོ་སྐབས་བྱུར་བར་ཡང་དགའ་སྤོབས་ཡོད་སྐོར་བརྗོད་འདུག དེ་ཡང་ཐེངས་འདིར་གྲོས་ཚོགས་འོག་མའི་ནང་བུད་མེད་གྲོས་ཚོགས་འཐུས་མི་༡༠༢ འདེམས་ཐོན་བྱུང་ཡོད་ཁར། བུད་མེད་༣༦ གྲོས་ཚོགས་འཐུས་མི་གསར་པ་ཡིན་ཁར། བུད་མེད་༤༣ གྲངས་ཉུང་མི་རིགས་ཆགས་ཀྱི་ཡོད་པ་རེད། དེ་བཞིན་ཐེངས་འདིར་ཁ་ཆེའི་བུད་མེད་གཉིས་དང་། ཨ་རིའི་གདོད་མའི་མི་རིགས་ཀྱི་བུད་མེད་གཉིས་བཅས་ཐེངས་དང་པོར་གྲོས་ཚོགས་འོག་མའི་འཐུས་མིར་འདེམས་ཐོན་བྱུང་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་ཡོད་པ་རེད།

ལྕམ་སྐུ་ནེན་སི་པི་ལོ་སི་ནི་ཨ་རིའི་གྲོས་ཚོགས་ནང་ནས་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཡིན་པ་དང་། ཁོང་ཚོགས་གཙོར་འདེམས་ཐོན་བྱུང་བར། ༧གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་གནང་དོན། ཨ་རི་ནི་འཛམ་གླིང་རང་དབང་ལུང་པའི་སྣེ་འཁྲིད་མཁན་ཞིག་ཡིན་པ་དང་། གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ལྕམ་སྐུ་མཆོག་གིས་ཚོགས་གཙོའི་ལས་དོན་བརྒྱུད་ཁ་ཕྱོགས་བཟང་པོ་ཞིག་ཏུ་སྣེ་འཁྲིད་ཐུབ་རྒྱུ་ཡིན་པར་མགོན་པོ་གང་ཉིད་ལ་ཡིད་ཆེས་ཡོད་སྐོར་དང་། “ཁྱེད་ནས་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་འདིར་བོད་མི་རྣམས་ལ་སེམས་ཐག་ཉེས་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་བ་དེ་ནི། བོད་མི་རྣམས་ལ་རེ་བ་དང་སྙིང་སྟོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། དེ་ལ་བརྟེན་ནས་ང་ཚོས་དྲང་བདེན་དང་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུར་ཕན་ཐོགས་རླབས་ཆེན་བྱུང་སོང་། ད་ལྟའི་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་གིས་གཙོས་འཛམ་གླིང་ས་ཁུལ་འདྲ་མིན་ནང་ལྷིང་འཇགས་དང་། ངེས་གཏན་མེད་པའི་གནས་སྟངས་དེ་དག་མཐར་ཞི་ནས་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་ནས་མི་སྡེའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཞིང་རྒྱས་པ་ཞིག་ཡོང་རྒྱུ་ཡིན་པ་ངོས་ལ་རེ་བ་དང་ཡིད་ཆེས་གཙང་མ་ཡོད་”ཅེས་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༩༨༣ ཀློག་གྲངས།