མངའ་རིས་ནས་ལོ་༤༠༠༠ ཡན་གྱི་ལོ་རྒྱུས་ལྡན་པའི་བྲག་ཕུག་གི་རྗེས་ཤུལ་ཐོག་མ་རྙེད་འདུག

ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཚན་ཞིབ་ཁང་གི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་བཙུགས་པའི་མཉམ་འབྲེལ་གནའ་རྫས་དཔྱད་ཞིབ་རུ་ཁག་ཅེས་པ་ཞིག་གིས། མདོ་དབུས་མཐོ་སྒང་གི་ཚན་རིག་གི་གནའ་རྫས་དཔྱད་ཞིབ་བྱས་པ་ནས་ད་ལྟའི་བར་གྱི་ཡི་གེ་མ་བྱུང་སྔོན་གྱི་ལོ་རྒྱུས་ཀྱི་བྲག་ཕུག་གི་རྗེས་ཤུལ་ཐོག་མ་ཞེས་པ་བོད་མངའ་རིས་ཁུལ་མེ་ལོང་མདའ་ཕུ་བྲག་ཕུག་ནས་རྙེད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱ་ནག་གཞུང་གི་མི་དམངས་དྲ་བ་ཞེས་པར་གནས་ཚུལ་སྤེལ་བ་ལྟར་ན། ལོ་ངོ་༤༠༠༠ ཡན་གྱི་ལོ་རྒྱུས་ལྡན་པའི་བྲག་ཕུག་གི་རྗེས་ཤུལ་ཐོག་མ་བོད་མངའ་རིས་དགེ་རྒྱས་རྫོང་གི་མེ་ལོང་མདའ་ཕུ་བྲག་ཕུག་ནས་རྙེད་ཡོད་པ་དང་། བྲག་ཕུག་དེ་ནི་སྨི་གྲུ་བཞི་མ་༡༠༠༠ ལྷག་གི་རྒྱ་ཁྱོན་ཡོད་པ་གཅིག་དང་། སྨི་གྲུ་བཞི་མ་༢༥༠ རྒྱ་ཁྱོན་ཡོད་པ་གཞན་ཞིག་བཅས་བྲག་ཕུག་གཉིས་ཀྱིས་གྲུབ་པ་ཞིག་ཡིན་པ་དང་། དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་༤༦༠༠ ཡོད་འདུག དེར་གནའ་བོའི་མིའི་རིགས་ཀྱི་རིག་གནས་རྗེས་ཤུལ་ཕུན་སུམ་ཚོགས་པ་ཉར་ཚགས་བྱས་ཡོད་པར་བརྗོད་འདུག།

གཞན་ཡང་ད་ལྟའི་བར་ལོ་ངོ་༤༠༠༠ གི་ལོ་རྒྱུས་ལྡན་པའི་མེ་ལོང་མདའ་ཕུ་བྲག་ཕུག་གི་རྗེས་ཤུལ་ནི་མཐོ་སྒང་གི་ལྟེ་བར་ས་རིམ་གྱི་ཆ་འཕྲིན་མིག་སྔར་ཞིབ་ཕྲ་ཡོད་པའི་རྡོ་ཆས་འཇམ་པའི་རིག་གནས་ཀྱི་རྗེས་ཤུལ་ཞིག་ཡིན་པར་བརྗོད་འདུག་པ་དང་། བྲག་ཕུག་ནང་དུ་ས་གནས་དེའི་འབྲོག་མིས་ར་ལུག་བསྐོར་མྱོང་ཡོད་པས་བྲག་ཕུག་ནང་གི་རིག་གནས་ལ་གནོད་འཚེ་ཐེབས་ཡོད་པར་ཡང་བརྗོད་འདུག། དེ་བཞིན་“བྲག་ཕུག་ནང་གི་རིག་གནས་རིམ་པའི་ངོ་བོར་ཞིབ་རྩད་སྔར་ལས་ལྷག་པ་བྱེད་པ་དང་། བྲག་ཕུག་རྗེས་ཤུལ་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་ཆེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། མཉམ་འབྲེལ་གནའ་རྫས་རྟོག་དཔྱད་རུ་ཁག་གིས་༢༠༡༨ ལོར་བྲག་ཕུག་གཉིས་ཀྱི་ནང་གསེས་གཅིག་ལ་གཞི་རྒྱ་ཆུང་བའི་སྔོག་འདོན་བྱས་པ་རེད་”ཅེས་བརྗོད་འདུག

གནའ་རྫས་རྟོག་ཞིབ་པས་བྲག་ཕུག་གི་རྗེས་ཤུལ་འདིར་ལོ་ཅི་ཙམ་གྱི་ལོ་རྒྱུས་ལྡན་པ་དང་རྡོ་ཆས་གསར་རྙིང་གང་གི་དུས་སུ་གཏོགས་མིན་ཐོག་བརྗོད་དོན། “བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་པ་ཧོ་ཝེ་ཡིས། སྔོག་འདོན་བྱས་པའི་རྡོ་ཧྲུག་དང་རྫ་མ་ཆག་རོ་མཉམ་དུ་ཡོད་པའི་ས་རིམ་ནི་རྡོ་ཆས་གསར་པའི་དུས་རིམ་ཕྱི་མ་ལ་གཏོགས་པ་དང་། རྡོ་ལེབ་ཀྱིས་གྲུབ་པའི་གདོད་མའི་རིམ་པ་ད་དུང་ཕྱིར་མངོན་མེད། ས་རིམ་གོང་མའི་ཐཱན་འདྲའི་ལོ་ཚོད་བརྩི་ཐབས་ལས་མངོན་པ་ལྟར་ན། བྲག་ཕུག་གི་རྗེས་ཤུལ་འདི་ནི་ད་ལྟའི་བར་དུ་ལོ་༤༠༠༠ ཡན་གྱི་ལོ་རྒྱུས་ཡོད་ཅིང་། ལག་རྩལ་ངོས་ནས་བལྟས་ན། རྡོ་ལེབ་ཚོགས་པའི་དུས་ཚོད་ནི་དེ་བས་སྔ་སྲིད་པ་རེད་”ཅེས་བརྗོད་འདུག།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༡༦༥ ཀློག་གྲངས།