ཡུ་རོབ་ནང་ཁྲིམས་འགལ་ཐོག་ནས་སྐྱབས་བཅོལ་ལ་སླེབས་མཁན་ཉུང་དུ་ཕྱིན་ཡོད་འདུག

ཕྱི་ལོ་༢༠༡༨ ལོ་ནི་འདས་པའི་ལོ་ལྔའི་རིང་ཁྲིམས་འགལ་ཐོག་ནས་ཡུ་རོབ་ནང་དུ་འཛུལ་བའི་སྐྱབས་བཅོལ་ཞུ་མཁན་གྱི་གྲངས་ཀ་ཉུང་ཤོས་དེ་ཆགས་ཡོད་པ་དང་། དེ་ཡང་གཙོ་བོ་སྐྱབས་བཅོལ་བ་མང་ཤོས་ཐོག་མར་འབྱོར་ཡུལ་ཨི་ཊ་ལིའི་གཞུང་འཛིན་ཚོགས་པར་འགྱུར་བ་དང་། དེའི་སྐྱབས་བཅོལ་བ་བཀག་འགོག་གི་ཐབས་ལམ་གྱི་གྲུབ་དོན་ཡིན་པ་བརྗོད་བཞིན་འདུག

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡུ་རོབ་མཐུན་ཚོགས་ཀྱི་ཡུ་རོབ་ཀྱི་ས་མཚམས་དང་མཚོ་སྲུང་རུ་ཁག་གིས་བཏོན་པའི་གྲངས་ཐོ་ལ་གཞིགས་ན། ཕྱི་ལོ་༢༠༡༨ ལོར་ཡུ་རོབ་ནང་དུ་ཁྲིམས་འགལ་ཐོག་འཛུལ་ནས་སྐྱབས་བཅོལ་ཞུ་མཁན་༡༥༠,༠༠༠ བྱུང་འདུག་པས། དེ་ནི་འདས་པའི་ལོ་ལྔའི་རིང་གྲངས་ཐོ་ཉུང་ཤོས་དེ་ཆགས་འདུག

དེ་བཞིན་ལོ་སྔོན་མའི་ཟླ་༦ པའི་ནང་ཨི་ཊ་ལའི་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་སྲིད་དོན་ཚོགས་པ་ཞིག་དང་དེའི་ཟླ་སྒྲིལ་ཚོགས་པ་གཉིས་གཞུང་འཛིན་ཚོགས་པ་ཆགས་རྗེས། ཡུ་རོབ་ནང་ཁྲིམས་འགལ་ཐོག་ནས་སྐྱབས་བཅོལ་བ་མང་ཤོས་སླེབས་སྟངས་ནི་མེ་ཌི་ཀྲེ་རན་ཨན་མཚོ་བརྒྱུད་ནས་ཨི་ཊ་ལའི་མཚོ་ཁར་སླེབས་ཀྱི་ཡོད་པས། གཞུང་འཛིན་ཚོགས་པ་གསར་པས། མཚོ་ཐོག་ནས་ཉེན་སྐྱོབ་བྱས་པའི་སྐྱབས་བཅོལ་བ་རྣམས་ཨི་ཊ་ལིའི་མཚོ་ཁར་ཡོང་བ་བཀག་འགོག་དང་། དེ་བཞིན་གཞུང་འབྲེལ་མིན་པའི་ཉེན་སྐྱོབ་ཚོགས་པ་ཁག་གི་གྲུ་གཟིངས་བཀོལ་ནས་ཨི་ཊ་ལིའི་མཚོ་ཁར་ལས་དོན་སྤེལ་མི་ཆོག་པ་སོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད། ཨི་ཊ་ལའི་མཚོ་ཁ་ནས་སྐྱབས་བཅོལ་བ་སླེབས་མཁན་ཉུང་དུ་གཏོང་ཐབས་བྱས་ཡོད་པ་རེད། དེ་བཞིན་ལོ་སྔོན་མའི་ཟླ་༩ པའི་ནང་ཨི་ཊ་ལིའི་ནང་སྐྱབས་བཅོལ་བ་རྣམས་ཕྱིར་ལོག་གཏོང་བ་དང་མི་སེར་ལག་ཁྱེར་ཕྱིར་བསྡུ་བྱེད་པ་ལས་སླ་རུ་གཏོང་བའི་ཁྲིམས་འཆར་ཞིག་ལ་རྒྱབ་སྐྱོར་བྱས་ཡོད་འདུག་པས། ཕྱི་ལོ་༢༠༡༨ ལོའི་ནང་ཨི་ཊ་ལའི་མཚོ་ཁར་སྐྱབས་བཅོལ་བ་འབྱོར་མཁན་གྱི་གྲངས་ཀ་ཧ་ཅང་ཉུང་དུ་ཕྱིན་ཡོད་འདུག དེ་ཡང་སྐྱབས་བཅོལ་བ་མང་ཤོས་སླེབས་པའི་ཕྱི་ལོ་༢༠༡༥ ལོའི་གྲངས་ཀ་དང་བསྡུར་ན་བརྒྱ་ཆ་༩༢ ཡིས་ཉུང་དུ་ཕྱིན་ཡོད་ཁར། ཕྱི་ལོ་༢༠༡༧ དང་བསྡུར་ན་བཞི་ཆ་གཅིག་གིས་ཉུང་དུ་ཕྱིན་ཡོད་འདུག ཨི་ཊ་ལའི་མཚོ་ཁའི་ཁུལ་དུ་སྐྱབས་བཅོལ་བའི་གྲངས་ཀ་མར་ཆགས་ཡོད་ཀྱང་། ཕྱི་ལོ་༢༠༡༨ ལོར་སི་པཱན་དུ་སྐྱབས་བཅོལ་བ་སླེབས་མཁན་༥༧,༠༠༠ བྱུང་ནས་ཕྱི་ལོ་༢༠༡༧ དང་བསྡུར་ནས་ལྡབ་གཉིས་འཕར་འདུག

དེ་བཞིན་ཕྱི་ལོ་༢༠༡༨ ལོར་ཡུ་རོབ་ནང་སྐྱབས་བཅོལ་ལ་སླེབས་མཁན་ཁྲོད་ནས་བརྒྱ་ཆ་༡༨ བུད་མེད་ཡིན་འདུག་པ་དང་། མི་གྲངས་ལྔ་རེ་ནས་གཅིག་རེ་ལོ་༡༨ མན་ཤ་སྟག་ཡིན་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བའི་ལས་ཁང་ནས་བཏོན་པའི་གྲངས་ཐོ་ལ་གཞིགས་ན། ཕྱི་ལོ་༢༠༡༨ ལོར་ཡུ་རོབ་ནང་སྐྱབས་བཅོལ་བ་༡༢༣,༡༠༩ ཡིན་འདུག་པས། ཡུ་རོབ་ཀྱི་ས་མཚམས་དང་མཚོ་སྲུང་རུ་ཁག་གིས་བཏོན་པའི་གྲངས་ཀ་དང་མི་མཐུན་པའི་རྒྱུ་མཚན་ནི། མཉམ་འབྲེལ་རྒྱལ་ཁབ་ཀྱིས་མཚོ་ཐོག་ནས་སླེབས་མཁན་སྐྱབས་བཅོལ་བའི་གྲངས་ཀ་མ་གཏོགས་བཏོན་མེད་ཁར། རུ་ཁག་དེས་མཚོ་དང་ས་ཐོག་གཉིས་ཀ་ནས་སྐྱབས་བཅོལ་བ་སླེབས་མཁན་གྱི་གྲངས་ཀ་བཏོན་པས་ཡིན་སྐོར་བརྗོད་འདུག

ལོ་སྔོན་མའི་ཟླ་༩ པའི་ནང་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བའི་ལས་ཁང་གིས། ཡུ་རོབ་ནང་སྐྱབས་བཅོལ་ལ་སླེབས་མཁན་ཉུང་དུ་ཕྱིན་ཡོད་ཀྱང་། ཚེ་སྲོག་ཤོར་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག རྒྱལ་སྤྱིའི་གནས་སྤོ་བའི་ལས་ཁང་གིས་བརྗོད་པར་ལྟར་ན། ཕྱི་ལོ་༢༠༡༨ ལོར་མཚོ་ཐོག་ནས་ཚེ་སྲོག་ཤོར་མཁན་ནམ་གར་སོང་ཆ་མེད་དུ་སོང་བ་༢༠༠༠ ལས་མང་བ་བྱུང་སྐོར་བརྗོད་འདུག་པས། དེ་ནི་ཕྱི་ལོ་༢༠༡༧ ལོའི་གྲངས་ཀ་ལས་མང་བ་ཡིན་འདུག དེའི་རྒྱུ་མཚན་ནི་མཚོ་ཐོག་ནས་འགྲུལ་བཞུད་འགོ་འཛུགས་ཡུལ་རྒྱལ་ཁབ་ལི་བྷི་ཡའི་མཚོ་སྲུང་དམག་མིས་ལྟ་སྲུང་དམ་དུ་བཏང་ཡོད་པས། ཁྲིམས་འགལ་ཐོག་ནས་སྐྱབས་བཅོལ་བ་གཏོང་མཁན་རྣམས་ཀྱིས་ཉེན་ཚབས་ཆེ་བའི་ཐབས་ལམ་བེད་སྤྱོད་བྱེད་ཀྱི་ཡོད་པས་ཡིན་འདུག

ཕྱི་ལོ་༢༠༡༨ ལོར་ཡུ་རོབ་ནང་སྐྱབས་བཅོལ་བ་མང་ཤོས་སླེབས་མཁན་ནི་སི་རི་ཡའི་མི་སེར་ཡིན་འདུག་པ་དང་། དེའི་རྗེས་སུ་ཨབ་གྷ་ནི་སེ་ཐན་དང་ཨི་རག་བཅས་ཡིན་འདུག

དཀྱིལ་ཤར་ཡུལ་གྲུ་དང་ལྷོ་ཨ་ཧྥེ་རི་ཀ་བཅས་ཀྱི་རྒྱལ་ཁབ་ཁག་ཅིག་ནང་། དམག་འཁྲུག་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས། ཡུ་རོབ་ནང་དུ་སྐྱབས་བཅོལ་བ་ས་ཡ་མང་པོ་སླེབས་འགོ་བཙུགས་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོར་ས་ཡ་གཉིས་མ་ཟིན་ཙམ་སླེབས་ཡོད་པ་རེད། སྐྱབས་བཅོལ་ཞུ་མཁན་གྱི་གྲངས་འབོར་ཤིན་ཏུ་མང་པོ་ཆགས་སྐབས། ཡུ་རོབ་རྒྱལ་ཁབ་ཁག་གི་ཆབ་སྲིད་ནང་སྐྱབས་བཅོལ་བའི་གནད་དོན་དེ་གལ་ཆེན་ཞིག་ཆགས་ནས། རྒྱལ་ཁབ་ཁག་ཅིག་ནང་སྐྱབས་བཅོལ་བར་ཁ་གཏད་ཀྱི་ལྟ་ཚུལ་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཆེ་རུ་སོང་ནས། གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་པ་དང་གཞུང་འཛིན་ཚོགས་པ་སོགས་ཆགས་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༦༨༤ ཀློག་གྲངས།