སྤྲུལ་སྐུའི་ལམ་ལུགས་ཀྱི་ཉམ་ཉེས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༢  ཕྱི་ལོ་ ༢༠༡༩/༡ /༢

བོད་ལ་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་དེ་སྔོན་མ་ནས་ཡོད་འདུག་ནའང་། ཡོངས་གྲགས་སུ་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་ཐོག་མ་རྒྱལ་བ་ཀརྨ་པ་ཡིན་པ་དང་། འདས་པའི་ལོ་རྒྱུས་ནང་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་ཆོས་ཕྱོགས་ཁོ་ན་རུ་བེད་སྤྱོད་བྱེད་པའི་སྐབས་སུ་ངོས་འཛིན་གནང་མཁན་དང་། བདག་སྐྱོང་བྱེད་མཁན་གང་ཐད་ནས་རྩོད་རྙོག་རྒྱ་ཆེན་པོ་གང་ཡང་བྱུང་མྱོང་མེད་ནའང་། སྤྲུལ་སྐུའི་ལམ་ལུགས་དེ་ཆབ་སྲིད་ཀྱི་ཐོག་ནས་དབང་ཆ་རྒྱུད་འཛིན་དང་། དཔལ་འབྱོར་གྱི་ཐོག་ནས་དགོན་པ་དང་བླ་བྲང་གི་འདུ་འགོད་སོགས་རིམ་པས་གལ་ཆེན་པོར་གྱུར་ཡོང་བའི་སྐབས་སུ་ངོས་འཛིན་བྱེད་མཁན་དང་། བདག་སྐྱོང་བྱེད་མཁན་གྱི་བར་དུ་འབྲེལ་བ་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་ཅིང་། བུ་ཕྲུག་གི་འབྲེལ་ཡོད་ནང་མི་དང་ངོས་འཛིན་བྱེད་མཁན་གྱི་བར་དུ་འབྲེལ་བ་དེ་བས་ཀྱང་རྒྱ་ཆེན་པོ་ཡོད་པ་ནི་འདས་པའི་མི་ལོ་སུམ་བརྒྱ་བཞི་བརྒྱ་ཙམ་ནས་མངོན་གསལ་དུ་བྱུང་མྱོང་། ད་ལྟའི་ཆར་སྤྲུལ་སྐུའི་ལམ་ལུགས་བརྟེན་ནས་རྩོད་རྙོག་དང་དེ་བེད་སྤྱོད་གཏོང་མཁན་ཡང་ཕྱོགས་གང་ས་རུ་ཧ་ཅང་མང་པོ་ཡོད།

སྤྲུལ་སྐུའི་ལམ་ལུགས་དགོས་མཁོ་གཏན་ནས་མེད་ཚུལ་བརྗོད་མཁན་ཁག་ཅིག་གིས་ཀྱང་། རྒྱལ་པཎ་རྣམ་གཉིས་ཀྱི་སྤྲུལ་སྐུ་ཁོ་ན་ནི་མེད་ཐབས་མེད་ཚུལ་བརྗོད་བཞིན་ཡོད། སྤྱིར་སྤྲུལ་སྐུའི་ལམ་ལུགས་དགོས་མཁོ་མེད་ན་སྤྲུལ་སྐུ་ཆེ་ཆུང་ཚང་མ་མི་དགོས་པ་ཞིག་དང་། དགོས་ན་སྤྲུལ་སྐུ་ཆེ་ཆུང་ཚང་མ་དགོས་མཉམ་ཡིན་པ་ལས། ཆེ་བ་ལ་ཆེ་བའི་ཚོད་ཀྱིས་བེད་སྤྱོད་ཡོད་པ་དང་། ཆུང་བ་ལ་ཆུང་བའི་ཚོད་ཀྱིས་བེད་སྤྱོད་ཡོད་པ་ནི་སྨྲོས་མི་དགོས་པ་རེད། རྩོད་རྙོག་བྱུང་བའི་དབང་དུ་བཏང་ནའང་དེ་མཚུངས་བཞིན་སྤྲུལ་སྐུ་ཆེ་བར་རྩོད་རྙོག་ཆེ་བ་ཡོད་པ་བཞིན། སྤྲུལ་སྐུ་ཆུང་བ་ལའང་ཆུང་བའི་ཚོད་ཀྱིས་རྩོད་རྙོག་ཡོད་པ་ནི་བཤད་མི་དགོས་པ་རེད། རྩ་བས་སྤྲུལ་སྐུའི་ལམ་ལུགས་མི་དགོས་ཚུལ་བརྗོད་མཁན་ཁག་ཅིག་གིས། སྤྲུལ་སྐུའི་ལམ་ལུགས་དེ་གཏན་ནས་མི་དགོས་ཞེས་བརྗོད་ན་བོད་ཀྱི་སྤྲུལ་སྐུའི་ནང་ནས་ཤུགས་རྐྱེན་དང་དབང་ཆ་ཆེ་ཤོས་སུ་གྱུར་པའི་རྒྱལ་པཎ་རྣམ་གཉིས་ཀྱང་ཚུད་ཡོད་པས། དེ་ཙམ་བརྗོད་རྒྱུར་ཞེད་ཅིང་རང་ཉིད་ཀྱི་བསམ་ཚུལ་ངོ་མ་ལས་གཡོལ་ཏེ་ཇོ་བཟང་གི་ངང་ཚུལ་བཟུང་བ་ཞིག་རེད་སྙམ།

ད་ལྟའི་ཆར་བོད་སྤྲུལ་སྐུའི་ནང་ནས་ལོ་རྒྱུས་རིང་ཤོས་རྒྱལ་དབང་ཀརྨ་པ་ལ་སྤྲུལ་སྐུ་གཉིས་བྱུང་ཡོད་པ་དང་། བོད་ཀྱི་སྤྲུལ་སྐུའི་ནང་ནས་དབང་ཤུགས་ཆེ་ཤོས་གཉིས་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལའང་སྤྲུལ་སྐུ་གཉིས་བྱུང་ཡོད་པ་སོགས་དེ་དང་དེ་ལྟ་བུའི་གནས་ཚུལ་ཧ་ཅང་མང་པོ་ཡོད། གོང་གསལ་གཉིས་ལ་བོད་པའི་སྤྱི་ཚོགས་ནས་ངོས་འཛིན་བྱེད་སྟངས་གཅིག་གྱུར་གཏན་ནས་མིན་ནའང་། མ་འོངས་པར་དེ་དག་སོ་སོའི་གནས་བབས་གཅིག་མཚུངས་ཆགས་རྒྱུ་ཡིན་པ་ནི་ཕྱི་ལོ་༢༠༡༨ ལོའི་གནས་ཚུལ་མང་པོ་ཞིག་ལ་བརྟེན་ནས་དཔག་ཐུབ། ད་དུང་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལ་མཚོན་ན་ད་ལྟའི་ཆར་འདས་གསོན་གྱི་གནས་སྟངས་གང་ཡིན་ཙམ་ཡང་བརྗོད་དཀའ་བ་དང་། གལ་སྲིད་བཞུགས་ཡོད་པའི་དབང་དུ་བཏང་ནའང་ཆོས་ཕྱོགས་ནས་བསླབ་པ་སློབ་གཉེར་གནང་རྒྱུའི་གོ་སྐབས་ཤིག་ཕུལ་མེད་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་མ་འོངས་པར་དབང་ཤུགས་དང་སློབ་སྦྱོང་གང་ཐད་ནས་པཎ་ཆེན་ངོ་མ་ནི་རྒྱ་གཞུང་གིས་ངོས་འཛིན་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུ་ཆགས་ངེས་རེད་སྙམ།

དུས་རབས་ཉི་ཤུ་པའི་ནང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཅས་ཀྱི་རྣམ་སྤྲུལ་བྱུང་ཡོད་ནའང་། དེ་ནི་དང་པོ་རྙོག་གྲས་འགོ་བཙུགས་པ་ཞིག་མིན་ལ་མཐའ་ལ་ཉག་མཛོ་གཟེངས་གནང་བཞག་པ་ཙམ་ཞིག་ཀྱང་མ་རེད། གང་ལྟར་བླ་མ་གཅིག་ལ་ཡང་སྲིད་གཉིས་དང་གསུམ་བྱུང་མྱོང་ཡོད་ལ། རྩོད་རྙོག་གི་དབང་གིས་མི་རབས་ཚ་བརྒྱུད་དུ་དག་ཐབས་མེད་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཡང་བྱུང་མྱོང་། ཕུན་སུམ་ཚོགས་པ་མ་བྱུང་བ་གོང་གི་དཔེ་མཚོན་ལྟ་བུ་དང་། རྩོག་རྙོག་བྱུང་བའི་ལོ་རྒྱུས་ཀྱང་མང་པོ་ཡོད། སྲིད་དོན་གྱི་དགོས་མཁོའི་ཆེད་ཙམ་དུ་བེད་སྤྱོད་བཏང་བ་བཞག་དག་ལ་མཚོན་ན་གནས་སྐབས་ཀྱི་རྩོད་རྙོག་ཙམ་ཐག་གཅོད་ཐུབ་པའི་དབང་དུ་བཏང་ཡང་། ཕུགས་རྒྱང་རིང་པོར་བོད་བརྒྱུད་ནང་བསྟན་གྱི་ཆ་ལག་གལ་ཆེན་སྤྲུལ་སྐུའི་ལམ་ལུགས་ལ་བརྟེན་ནས་དད་ལྡན་མང་ཚོགས་ཀྱི་དོན་དངོས་དགོས་མཁོ་སྐོང་ཐུབ་པ་ཞིག་གམ། ཡང་ན་དད་ལྡན་བོད་པའི་སྤྱི་ཚོགས་སུ་སྤྲུལ་སྐུའི་ལམ་ལུགས་ལ་ཡིད་ཆེས་མུ་མཐུད་གནས་ཐུབ་པའི་ཆ་རྐྱེན་ཞིག་མིན་པ་མ་ཟད། དེའི་ལྡོག་ཕྱོགས་ནས་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད་སྙམ།

མདོར་ན་ད་ལྟའི་ཆར་རྒྱ་གཞུང་གི་ངོས་ནས་“རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུའུ་ཡི་བཀའ་ཡིག་ཆ་ཨང་ལྔ་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བར་དོ་དམ་བྱེད་པའི་སྐོར་གྱི་བྱ་ཐབས་”ཟེར་བ་ཞིག་བཀྲམ་ཡོད་པ་དང་། ང་རང་ཚོ་བོད་པའི་ངོས་ནས་ཀྱང་སྐུ་གོང་མའི་ཡང་སྲིད་ངོ་མ་ཡིན་མིན་དང་འབྲེལ་བ་དེ་ཙམ་མེད་ཀྱང་། གང་ཟག་སོ་སོའི་འབྲེལ་བ་རྒྱུ་མཚན་དུ་བྱེད་པ་དང་། སྲིད་དོན་དང་ཁེ་ཕན་སོགས་དགོས་པ་རྒྱུ་མཚན་དུ་བྱེད་པ། དབང་ཤུགས་དང་ནུས་པ་རྒྱུ་མཚན་དུ་བྱས་ནས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ནི་བོད་ཕྱི་ནང་གཉིས་སུ་ཧ་ཅང་དར་སྲོལ་ཆེན་པོར་གྱུར་བཞིན་པ་འདི་གཉིས་ཀྱི་ཐོག་ནས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་དོན་གྱིས་བརྩི་བཀུར་དང་གུས་ཞབས་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད། མ་འོངས་པར་གནས་སྟངས་འདི་མུ་མཐུད་ན་རིང་པོར་མི་ཐོགས་པར་བོད་ཀྱི་སྤྲུལ་སྐུ་ལ་ནུས་པ་དང་ཤུགས་རྐྱེན་གང་ཡང་མེད་པར་འགྱུར་ངེས་རེད་ལ། ཕྱོགས་གང་ཐད་ནས་མཇུག་འབྲས་དེ་ལྟ་བུ་ཞིག་ཡོང་བར་ཆེད་དུ་འབད་བརྩོན་བྱེད་མཁན་ཡང་འབྲེལ་ཡོད་དེ་དག་ཡིན་པ་ལྟ་བུར་འགྱུར་ཡོང་གི་འདུག་སྙམ།།

Share this:
༩༢ ཀློག་གྲངས།