བཀྲ་ཤིས་སྟོབས་རྒྱལ་ལ་སླར་ཡང་གསར་འགོད་པའི་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག

པར་ལེན་གསར་འགོད་པ་བོད་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་བླངས་པའི་སེམས་ཚོར་ཆེན་པོ་སྤྲོད་ཐུབ་པའི་པར་ཞིག་ལ། རྒྱ་གར་ནང་གི་པར་ལེན་གསར་འགོད་པའི་རྩེ་ཕུད་གཟེངས་རྟགས་ཐོབ་འདུག་པ་དང་། ཁོང་ལ་དེ་སྔོན་ཡང་རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགོད་པའི་རྩེ་ཕུད་བྱ་དགའ་ཞིག་ཐོབ་མྱོང་བ་རེད།

དེ་ཡང་ཟླ་༡ པའི་ཚེས་༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། རམ་ན་ཐེ་གྷོན་ཀཱ་ཞེས་པའི་གསར་འགོད་པ་རྩེ་ཕུད་ཀྱི་གཟེངས་རྟགས་མཛད་སྒོ་ཐེངས་༡༣ པ་འཚོགས་སྐབས། རྒྱུན་རིང་ནས་རྒྱ་གར་གྱི་གསར་ཁང་ཆེ་གྲས་རྒྱ་གར་གྱི་བང་ཆེན་(Indian Express) ནང་། པར་ལེན་གསར་འགོད་པའི་ལས་ཀ་བྱེད་མཁན་བོད་མི་བཀྲ་ཤིས་སྟོབས་རྒྱལ་གྱི་པར་ཞིག་ལ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག དེ་ཡང་གཟེངས་རྟགས་དེ་ནི་ཕྱི་ལོ་༢༠༡༧ ལོར་གསར་འགོད་པའི་ལས་དོན་རྩེ་ཕུད་ཁག་ཅིག་ལ་གཟེངས་རྟགས་སྤྲད་ཡོད་ཁར། བཀྲ་ཤིས་སྟོབས་རྒྱལ་གྱི་རྒྱ་གར་གྱི་གྲོང་ཁྱེར་གྷ་ཛེ་བྷ་ཌ་ནང་གི་གད་སྙིགས་དང་སྐྱག་གཅིན་སོགས་གཙང་མ་བཟོ་མཁན་རང་ལོ་༢༡ ཡིན་པ་ཞིག་གིས་གཙང་བཟོ་བྱེད་བཞིན་པའི་པར་བླངས་པ་དེར། པར་ལེན་གསར་འགོད་པའི་རྩེ་ཕུད་ཀྱི་གཟེངས་རྟགས་དང་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་ཐོབ་ཡོད་པ་རེད།

གཟེངས་རྟགས་དེ་ནི་རྒྱ་གར་གྱི་བང་ཆེན་གསར་ཁང་འགོ་འཛུགས་བྱེད་མཁན་རམ་ན་ཐེ་གྷོན་ཀཱ་ཡི་དྲན་རྟེན་ཆེད་ཕྱི་ལོ་༢༠༠༥ ལོ་ནས་འགོ་འཛུགས་བྱས་ཡོད་པ་མ་ཟད། ཐེངས་འདིར་གསར་འགོད་ལས་རིགས་ཀྱི་སྡེ་ཚན་མི་འདྲ་བ་༡༨ ཁོངས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་གསར་ཁང་འདྲ་མིན་གྱི་གསར་འགོད་པ་༢༩ ལ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག་པ་དང་། གཟེངས་རྟགས་སྤྲོད་མཁན་ནི་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་རཱ་ཇེ་ནཐ་སིང་རེད་འདུག

བཀྲ་ཤིས་སྟོབས་རྒྱལ་གྱིས་གད་སྙིག་གཙང་བཟོ་བ་པར་བླངས་པ།

དེ་ཡང་བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་། གད་སྙིགས་དང་སྐྱག་གཅིན་གཙང་བཟོ་བྱེད་མཁན་ཚོའི་འཚོ་བ་དང་འཆི་བའི་ཐོག་ལ། སེམས་ཚོར་ཆེན་པོ་སྤྲོད་ཐུབ་པའི་པར་བླངས་ཡོད་པས། པར་ལེན་གསར་འགོད་པའི་རྩེ་ཕུད་གཟེངས་རྟགས་ཐོབ་སྐོར་བརྒྱུད་ལམ་ཁག་ཏུ་བཀོད་འདུག

དེ་སྔོན་ཕྱི་ལོ་༢༠༡༥ ལོར་རྒྱ་གར་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས། ལོ་དེའི་ནང་གི་གསར་འགོད་ལས་རིགས་གཟེངས་སུ་ཐོན་པ་སྤེལ་མཁན་རྣམས་ལ་རྩེ་ཕུད་ཀྱི་གཟེངས་རྟགས་སྤྲད་པའི་ཁོངས་ནས། བཀྲ་ཤིས་སྟོབས་རྒྱལ་གྱིས་ཕྱི་ལོ་༢༠༡༤ ལོའི་རྒྱ་གར་གྱི་ས་གནས་ཀ་ཤཱི་མིར་ཆུ་ལོག་དོན་རྐྱེན་བྱུང་སྐབས། ཉིན་གྲངས་༡༢ རིང་བླངས་པའི་པར་རྣམས་ལ་བརྟེན་ནས། དམིགས་བསལ་བརྗོད་གཞིའི་སྡེ་ཚན་ཁོངས་ནས་རྒྱ་གར་རྒྱལ་ཡོངས་གསར་འགོད་ལས་རིགས་ཀྱི་རྩེ་ཕུད་གཟེངས་རྟགས་ཐོབ་ཡོད་པ་རེད།

ཁོང་རྒྱ་གར་གྱི་བང་ཆེན་ལ་པར་ལེན་གསར་འགོད་པའི་ལས་ཀ་བྱས་ནས་ལོ་༡༢ འགྲོ་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༦༩ ཀློག་གྲངས།