སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༣༠ པ་དབུ་འཛུགས།

ཟླ་འདིའི་ཚེས་༦ རེས་གཟའ་ཉི་མའི་ཞོགས་པར་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༣༠ པ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་ཡོད་འདུག

ལོ་ལྟར་ཉིན་༡༠ རིང་འཚོག་བཞིན་པའི་འདི་ལོའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་བོད་ཚེས་གསུམ་ལྷག་ཡོད་པར་བརྟེན་ཉིན་༡༡ རིང་འཚོག་རྒྱུ་ཡིན་པ་དང་། ཐེངས་འདིར་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡན་ལག་རྒྱ་བལ་འབྲུག་སོགས་སུ་ཡོད་པའི་དགོན་སྡེ་ཁག་ནས་ཕེབས་པའི་བོད་དང་ཧི་མ་ལ་ཡའི་གྲྭ་བཙུན་རྣམས་དང་བླ་ཆེན་རྣམས། དེ་བཞིན་དད་ལྡན་སེར་སྐྱ་མང་པོ་ཞིག་སྨོན་ལམ་འཚོགས་པར་ཕེབས་ཡོད་པས་མཆོད་རྟེན་གྱི་ནང་ལོགས་ཡོངས་སུ་གང་ཡོད་པ་དང་ནམ་རྒྱུན་ནས་ད་ལོ་མང་བར་ཤོད་ཀྱི་འདུག

མཆོད་རྟེན་གྱི་རྒྱབ་ཕྱོགས་སུ་རྣམ་གྲོལ་གླིང་གི་མཁན་སྤྲུལ་གྱང་ཁང་སྤྲུལ་སྐུ་དང་རྨུགས་སངས་སྤྲུལ་སྐུ་རྣམ་གཉིས་དབུ་བཞུགས་ཐོག་མཁན་སྤྲུལ་དང་དགེ་འདུན་པའི་སྡེ་རྣམས་འཚོགས་ཡོད་པ་དང་། གཡས་ཕྱོགས་སུ་སྨིན་གྲོལ་གླིང་གི་སྨིན་གླིང་མཁན་ཆེན་དབུ་ཞུགས་ཐོག་བླ་སྤྲུལ་དང་དགེ་འདུན་པའི་སྡེ་རྣམས་འཚོགས་ཡོད་འདུག གཡོན་ཕྱོགས་སུ་རྫོང་ནང་སྤྲུལ་སྐུ་དབུ་བཞུགས་ཐོག་སྔགས་པའི་སྡེ་རྣམས་འཚོགས་ཡོད་པ་དང་། གཞན་ཡང་མཆོད་རྟེན་གཡས་ཕྱོགས་ཀྱི་མཚོ་དང་ཉེ་བར་མཁན་པོ་རིག་འཛིན་དབུ་བཞུགས་ཐོག་བཙུན་མའི་སྡེ་རྣམས་འཚོགས་ཡོད་འདུག དེ་མིན་གྱི་དད་ལྡན་རྣམས་གྲྭ་བཙུན་སྔགས་གསུམ་གྱི་མཐའ་འཁོར་དུ་འཚོགས་ཡོད་པ་བཅས་ནི་སྐབས་འདིའི་སྨོན་ལམ་ཚོགས་ཞུགས་པ་ཞིག་གིས་འགྲེལ་བརྗོད་གནང་སོང་། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ནི་རྙིང་མའི་དགོན་སྡེ་ཁག་གིས་རེས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་བཞིན་ད་ལོར་གོ་སྒྲིག་གནང་མཁན་ནི་རྒྱལ་ཡོངས་རྙིང་མའི་སྨོན་ལམ་ལྷན་ཚོགས་དང་། སྨིན་གྲོལ་གླིང་གཙོས་པའི་རྒྱ་གར་བྱང་ཕྱོགས་ཀྱི་རྙིང་དགོན་ཐུན་མོང་ནས་ཡིན་འདུག

སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྦྱིན་བདག་གཙོ་བོ་དར་ཐང་རིན་པོ་ཆེས་ལོ་ལྟར་རྙིང་མའི་སྨོན་ལམ་སྐབས་སུ་བཀའ་འགྱུར་དང་བསྟན་འགྱུར་གཙོས་པའི་གསུང་རབས་སྣ་ཚོགས་ཤིག་རིས་མེད་ཀྱི་དགོན་སྡེ་ཁག་དང་དཔེ་མཛོད་ཁང་རྣམས་ལ་ཆོས་སྦྱིན་གནང་སྲོལ་ཡོད་པ་བཞིན། ད་ལོར་ཡང་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་འབུམ་དང་། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ། དགེ་རྩེ་པཎ་ཆེན་ཚེ་དབང་མཆོག་གྲུབ་ཀྱི་གསུང་འབུམ། གཞན་ཡང་རྒྱུད་འགྲེལ་དང་ཟུར་ཆུང་བའི་ཞལ་གདམས་སོགས་ཆོས་སྦྱིན་གནང་རྒྱུ་ཡིན་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༢༤༥ ཀློག་གྲངས།