༄༅། །ཡིད་སྐྱོའི་གནས་ཚུལ། 

བཙན་བྱོལ་བོད་མི་མང་སྤྱི་འཐུས་སྐབས་ ༨ པའི་ཡེ་ཤེས་དབྱིངས་དཔྱད་
སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ (1939–2018) སྐུ་ཚེའི་འཕེན་པ་རྫོགས་པ།

 

 

༄༅། །བོད་གངས་ཅན་པའམ། སྒང་པ་བོད་འདིར། སྟོད་ན་ཞང་ཞུང། བར་ན་བོད་ཡུལ། སྨད་ན་བོད་ཆེན་ཞེས་དང། ཡང་ན། སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་ཕྱེ་བར་བྱེད། དེ་ཡང་བོད་ཀྱི་གནའ་བོའི་རྒྱལ་རབས་ལོ་རྒྱུས་ཕལ་མོ་ཆེའི་ནང་། “སྟོད་མངའ་རིས་རྫིང་། བར་དབུས་གཙང་ཡུར་བ། སྨད་མདོ་ཁམས་ཞིང་གི་ཚུལ།” ཞེས་དང་། “སྟོད་མངའ་རིས་རི་དྭགས། བར་དབུས་གཙང་གཅན་གཟན། སྨད་མདོ་ཁམས་འདབ་ཆགས་ཀྱི་གླིང་།” ཞེས་སྟོད་གཡའ་རི་དང་གངས་རི། བར་བྲག་རི་དང་སྤང་ལྗོངས། སྨད་རྩི་ཤིང་དང་ནགས་ཚལ་བཅས་སུ་ཡོངས་གྲགས་བཞེད་པའི་དཔེ་དང་ལུང་དྲངས་སྲོལ་འདུག སྟོད་མངའ་རིས་སྐོར་གསུམ་འདི་ལའང་ཡུལ་འབྲོག་རོང་གསུམ་ཡོད། དབུས་གཙང་རུ་བཞི་དགའ་ལྡན་ཕོ་བྲང་གི་ཆབ་འོག་ཏུ་འགྱུར་ནས་ལོ་ ༤༠ རྗེས་ཏེ། ༡༦༨༢ ལོར་མངའ་རིས་སྐོར་གསུམ་དགའ་ལྡན་ཕོ་བྲང་གི་ཆབ་འབངས་སུ་གྱུར། དེ་ལ་རྫོང་བཞི། དཔོན་དྲུག མངའ་རིས་སྒར་དཔོན་ཨུརྒེ་གོང་འོག་གམ། སྒར་ཐོག་ཅེས་པ་མངའ་རིས་བྱང་གི་འབྲོག་སྡེ་ཚང་མའི་སྤྱི་དཔོན་ཡིན། སྤྱིར་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་སྒར་ཐོག་ཅེས་པ་གཉིས་ཡོད། གཅིག་ཤོས་ནི་སྨར་ཁམས་སྒར་ཐོག་ཡིན།

མངའ་རིས་སྒར་ཁོངས་གཞུང་པ་མཚན་ནི་ཕ་ཚེ་བུ་རབས། མདའ་ཚེ་གཞུ་རབས་བོད་སྡེ་པ་གཞུང་ངམ། དགའ་ལྡན་ཕོ་བྲང་པར་རྟ་ཁལ་འུ་ལག གསེར་ཁྲལ། ཤོ་ཁྲལ། གྲྭ་ཁྲལ། ཕྱི་ཁྲལ། ནང་ཁྲལ། དུ་དམག་ལེབ་གསུམ་གྱི་ཁྲལ་རིགས། གཞུང་འཚོང་། སྦམ་འཚོང་སྤུས་བསྒྱུར། མཐའི་སོ་ཁ་སྲུང་རྒྱུ་སོགས་ཞ་ཆག་ལེ་མེད་འཁྲི་སྒྲུབ་ཀེར་ལེབ་སྒུར་གསུམ་གྱིས་ཁྲལ་ནག་དེ་འཇལ། ལུད་ནག་དེ་འཕོ་མཁན་ཁྲལ་ཁྲིམས་ཁུར་ཤེས་གཞུང་རྒྱུགས་ཁྲལ་སྡེ་རྙིང་ཁུངས་བསྙོན་མེད་ཅིག་ཡིན། ༸རྒྱལ་བ་ཐམས་ཅད་མཁྱེན་པའི་གསོལ་ཅོག་གི་བཞེས་སྒོ་རྩེ་ཁྲལ་སྡེར་མགོ་ཞོ་གསེར་ཁྲལ་ཞེས་བྱང་ཞོ་ལྔ་བཅུ་ཐམ་པ་རེ་གཞུང་གསེར་དཔོན་ལ་ལོ་ལྟར་ཕུལ་བའི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་མཚན་རྟགས་ཡོད་པས་ན་གཞུང་པ་མ་མཚན་ཞེས་གྲགས་ཟེར། ཡང་བགྲེས་སོང་ཚོས་བརྗོད་ན། སྟོད་མངའ་རིས་སྐོར་གསུམ་མངའ་འབངས་ཀྱི་ནང་ནས་སྔ་མོ་གཞུང་རྒྱུགས་ཁྲལ་གྱི་ཨ་མའི་མཚན་གནས་ཡོད་སྟབས་གཞུང་པ་མ་མཚན་ཞེས་འབོད་པ་བྱུང་སྐད།

གངས་ཅན་པ་ལྷ་སྡེ་མི་སྡེ་ཚང་མ་དུས་བདེ་ཞོད་འཇགས་རང་དབང་དགའ་བདེའི་དཔལ་ལ་གནས་བཞིན་པའི་སྐབས་དེར་བོད་ཀྱི་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དམར་ “བཅིངས་བཀྲོལ་དམག” གི་སྔོན་མངགས་བརྒྱ་ཤོག་ཐོག་མར་ཤར་ཏུར་ཀིསྠན་ (ཤིན་ཅང་) དང་བོད་ཀྱི་ས་མཚམས་ཁུན་ལུང་རི་བོ་བརྒལ་ནས་མངའ་རིས་བྱང་ཤར་ས་ཁུལ་སྒེར་རྩེའི་ས་ཁོངས་རི་བོ་མཐིང་གུང་དུ་ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༨ ཚེས་ ༢༩ (ཟླ་ ༩ ཚེས་ ༩ ཟེར་མཁན་ཡང་འདུག) ཉིན་བཙན་འཛུལ་བྱས་ནས་བཟུང་དུས་མི་བདེ་བའི་འགོ་ཚུགས།

༡༩༥༩ ཟླ་ ༢ ཚེས་ ༡༣ ཉིན་རྒྱ་དམར་གྱིས་མངའ་རིས་སྒར་དཔོན་གོང་པར་ཁང་མཁན་ཆུང་ཐུབ་བསྟན་མཁྱེན་རབ་དང་། སྒར་དཔོན་འོག་རྒྱལ་རྩེ་གླང་གདོང་པདྨ་རྡོ་རྗེ། སྤུ་ཧྲེང་། རུ་ཐོག །རྩ་ཧྲང་། མདའ་བ་བཅས་ཀྱི་རྫོང་དཔོན་རྣམས་དང་། མཐོ་ལྡིང་དགོན་པའི་མཁན་པོ་ངག་དབང་བཀྲ་ཤིས་དབུས་དགོན་པ་ཁག་གི་མཁན་བླ་སོགས་ཉིན་བརྒྱ་དུས་གཅིག་འཛིན་བཟུང་བཙོན་བཅུག་བྱས། མངའ་རིས་སྐོར་གསུམ་ཕལ་ཆེར་ས་ཁུལ་ཡོངས་རྫོགས་ ༡༩༥༩–༡༩༧༩ བར་ “ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་” ཁོངས་སུ་འཛིན་སྐྱོང་ཟླ་འགྲིལ་ (འདི་སྐོར་ལོ་ཚིགས་དང་བརྒྱུད་རིམ་ཁ་གསལ་ངེས་ཏིག་མ་ཐོབ་) བཏང་ནས་ “བོད་རང་སྐྱོང་ལྗོངས་” དང་ཁ་འབྲལ་བཟོས།

གཞུང་པ་མ་མཚན་སྤྱི་ཁྱབ་ལས་ཐོག་སྲི་ཆོད་རྟ་མགྲིན་ནམ།  སྲི་རྟམ་ནས་རྒྱ་མིའི་བཀའ་བཀོད་དང་ལེན་མ་ཞུས་པར་དོ་ཁུར་འབད་བརྩོན་ཆེན་པོས་བྱང་འབྲོག་སྒེར་རྒྱས་ལྷོ་བྱང་། རུ་ཐོར་ཨ་གནམ་བྱང་མ། སེ་ལེ་ཕུག །སེང་འཁོར་ལྷོ་བྱང་། རི་ཤི། ཡག་ར་ལྷོ་བྱང་། ལྷོ་ཕྱོགས་སུ་ཧོར་ཚོ་ལྔ། ཕྱུག་ཚང་སོགས་ཀྱི་སྤྱི་འགོ་རྣམས་ལ་ནང་དོན་འབྲེལ་མོལ་གྱི་བསྟན་དོན་ཆོས་དད་ལག་སྦྲེལ་སྤྱི་སྒྲིག་གན་རྒྱ་སྔ་རྗེས་གཉིས་འཇོག་ལེན་བགྱིས་ཏེ། བོད་གཞུང་གི་གནས་ཚུལ་བཟང་ངན་གོ་ཐོས་གང་ཡང་མེད་པའི་སྐབས་འདིར་རྒྱ་དམར་གྱི་བཀའ་བཀོད་དང་ལེན་གྱིས་གོ་མཚོན་ཡིག་རིགས་འབུལ་བཅར་མི་བྱེད་རྒྱུའི་གན་དོན་འགལ་མེད་ལག་བསྟར་ཞུས། གཞུང་པ་མ་མཚན་རང་གི་སྐྱེས་པ་རང་ལོ་ ༡༨ ནས་ ༦༠ བར་མིང་ཐོ་འགོད་ལེན་དང་གོ་མཚོན་འཕྲུལ་མདའ་དང་། བོད་མདའ་ཇི་ཡོད་མདའ་རྫས་རང་འགྲིགས་གོ་བཤེར་རྒྱབ་ཏེ་དགོས་གལ་བརྡ་ལན་བྱུང་མཚམས་ཐོན་ཆོག་ཨང་སར་གྲ་སྒྲིག་བྱས་ཤིང་། རྣམ་རའི་རི་འགོ་ས་བཙན་ཞིག་ཏུ་སྐྱེས་པ་གོ་ལག་རང་འགྲིག་རེ་ཚོགས་འཛོམས་དང། དེ་ནས་རང་ཡུལ་ལྷོ་ཕྱོགས་དགུན་ས་ལ་བར་གངས་ཆེན་གངས་ཆུང་ཟེར་བ་རྫ་ལུང་ཕུ་མདའ་གངས་རིའི་བསྐོར་པའི་ས་བཙན་དེར་ཟླ་ཤས་བསྡད། ཉེ་འཁྲིས་རུ་ཐོར་སོགས་ཚོ་པ་འགའ་ནས་སྲུང་དམག་རྟ་དམག་ཉི་ཤུ་སུམ་བཅུའི་སྐོར་ཆེད་འཛུགས་ཀྱིས་དམག་སྒར་ཆུང་ངུ་ཞིག་ཟླ་ཤས་རིང་ཨབ་རས་ཐེག་ཚོད་སྤེན་མའི་མདའ་ལྟར་རྒྱུན་སྡོད་ཀྱི་རི་འགོ་ནས་སོ་བལྟ་བྱ་ར་སྲུང་བྱ་བྱས།

གོང་གསལ་སྤྱི་སྒྲིག་གན་རྒྱ་བཞག་མི་གཞུང་པ་མ་མཚན་པས་གཙོས་ཚོ་པ་ཁག་དང། སྒེར་རྩེ་རྒན་པོ་རིན་རྒྱམ་སྐུ་འཁོར། འབྲོང་པ་སེང་སྟོད་གྲྭ་ཆུང་དང་བྲག་སྐྱ་བླ་མའི་སྐུ་འཁོར་ནས་རྒྱ་དམར་ལ་མགོ་སྒུར་ལུས་འབུལ་མ་བྱས། རྒྱ་སྒོར་ད་ཡང་དང་གོ་ཐོབ་མ་བླངས་པར་ྋརྒྱལ་བ་ཐམས་ཅད་མཁྱེན་པ་དང་རང་གཞུང་གི་ཞབས་རྗེས་སུ་འབྲངས་ནས་གོ་མཚོན་རྣམས་གློ་དོལ་ས་ཁུལ་ངོ་ཤེས་ཁག་ལ་བཅོལ་འཇོག་གམ་གོརྵའི་ས་སྲུང་ལ་ཁྲིམས་སྲོལ་ལྟར་རྩིས་འབུལ་ཞུས་པ་ལས་དགྲ་བོའི་ལག་ཏུ་ཁབ་སྙུང་ཙམ་ཡང་ཤོར་བའི་ངོ་གནོང་མེད།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་བཀའ་ཤག་བཅས་རྒྱ་དམར་བཙན་འོག་ནས་མཐར་ཏེ་རྒྱ་གར་དུ་༸ཞབས་སོར་འཁོད་ལུགས་ཐོས་པར་དགའ་བ་དཔག་མེད་ཀྱི་མགོ་སྐེ་བྲལ་མེད་དགྲ་གཉེན་མགོན་གསུམ་ངོས་འཛིན་མ་ནོར་བའི་ཐོག་ནས་མངའ་རིས་ཁུལ་འདིར་རྒྱ་དམར་ནས་བྱ་ངན་ཇི་བྱས་དང་། གཞུང་པ་མ་མཚན་པས་དབུས་བྱང་འབྲོག་ཁག་ནས་ངོ་རྒོལ་གྱིས་བྲོས་བྱོལ་བྱས་སྐོར། ༸གོང་ས་སྐྱབས་མགོན་མཆོག་དང་བཀའ་ཤག་ལྷན་རྒྱས་སུ་སྙན་འབུལ་ཞུས་པའི་བཀའ་ཤག་ནས་བཀའ་ལན་སྩལ་ཕེབས་སུ་གོར་བོད་ས་མཚམས་སུ་སྡོད་རྒྱུ་བློས་འགན་བཟོད་མིན་ལ་འཕྲལ་དུ་བལ་ཡུལ་ས་ཆར་སྤོས་ཤུགས་བྱ་གལ་ཆེ་བ་སྤྱི་ཕེབས་བཞིན་ ༡༩༦༠ དཔྱིད་ཀར་དོལ་པོར་འབྱོར། ༡༩༦༠ ལོ་མཇུག་གཞུང་པའི་སྤྱི་ཁྱབ་ངོ་ཟུར་འགོ་པ་དྲུང་ཡིག་བཅས་མི་གྲངས་ ༨ དེ།  སྤྱི་ལས་སྲི་ཆོད་རྟ་མགྲིན། སྤྱི་ཟུར་ཚེ་བརྟན་ནོར་རྒྱལ། ད་ཕན་བླ་མ་བྱམས་པ་རབ་རྒྱས། དྲུང་ཡིག་ཚེ་དབང་། གྲགས་པ་རྣམ་རྒྱལ། དར་རྒྱས། རིན་ཆེན། ཚེ་བཀྲ། རུ་ཐོར་སྤྱི་ཁྱབ་ཧྲི་ཆུང་ཅན་མི་ ༣ བཅས་ནས་ཉིན་མང་རྐང་བགྲོད་ཀྱིས་སྤོག་ར་དང་། བྷེ་རོ་ཝ་བར་གནམ་གྲུར་བསྐྱོད། དེ་ནས་བྷ་སེ་དང་རེ་ལི་རིམ་བརྒྱུད་པ་ཊན་ཀོཊིར་འབྱོར། མེག་ལོར་གན་ཇིར་འབྱོར་ཏེ་བདེ་འཇགས་ལས་ཁུངས་སུ་འབྱོར་ཐོ་བཀོད་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཕོ་བྲང་རྙིང་པའི་མདུན་ཐང་དུ་མི་མང་བརྒྱ་ཙམ་ལ་རྒྱང་མཇལ་གནང་སྟེ་སྐལ་བཟང་དོན་ལྡན་དུ་གྱུར། མེག་ལོར་གན་ཇིར་བདུན་ཕྲག་གཅིག་སྡོད་རིང་ཞོགས་པ་ལས་ཁུངས་ཚུགས་འཕྲལ་སྤྱི་འགོ་རྣམས་ཉིན་ལྟར་ནང་སྲིད་ཁང་སོགས་ལས་ཁུངས་ཁག་ལ་བཅར་ཏེ་རྒྱ་དམར་ནས་མངའ་རིས་སྒར་རྫོང་རྣམས་དང་། མཁན་བླ་རྣམས་འཛིན་བཟུང་བཙོན་འཇུག་དང་། ཞིང་འབྲོག་མི་མང་འགོ་གཙོ་རྣམས་ལ་འགུག་རྒྱ་རིམ་འབྱོར་བྱུང་བར་བྱང་འབྲོག་སྡེ་ཚོ་ཁག་གི་སྤྱི་འགོ་རྣམས་ནང་གྲོས་གྱི་རྒྱ་དམར་གྱི་བཀའ་བཀོད་དང་ལེན་མ་བྱས་ཁར་གོ་མཚོན་རྩིས་འབུལ་མ་ཞུས་པར་ཡུལ་བྱོལ་གྱིས་བལ་ཡུལ་ས་ཐོག་འབྱོར་པ་རྣམས་ལ་འཚོ་གོས་དཀའ་སེལ་རོགས་མགོན་ཡོང་བའི་སྙན་འབུལ་ཞུས།

༡༩༦༡ ཟླ་ ༡༢ ནང་བལ་ས་རྡོར་པ་ཀྲན་གཞིས་ཆགས་སུ་སྒར་ཁོངས་གཞུང་པ་མ་མཚན་སྦྲ་དུད་ ༤༧ དང་། སེམས་ཉིད་ཡག་ར་སྦྲ་དུད་ ༤ རུ་ཐོར་ཨ་གནམ་བྱང་མ་སྦྲ་དུད་ ༧༢ མཚུར་ཕུའི་ཤེ་འཛིན་ཐབས་མཁས་སྦྲ་དུད་ ༣ ཐོབ་རྒྱལ་སྨན་རི་དགོན་གྱི་བླ་གྲྭ་སོགས་འབྱོར། ༡༩༦༣ ཕྱི་ཟླ་ ༣ ནང་འཕགས་བལ་ས་མཚམས་གོར་ཁོངས་བྷེ་རོ་ཝ་དང་། སུ་ན་ལི་བཅས་སུ་བོད་མི་བཙན་བྱོལ་བ་གྲངས་ ༡༤༠༠ ལྷག་ཙམ་འདུ་འཛོམས་བྱུང་བར་རྒྱ་གར་ས་མཚམས་ནས་བཀག་འགོག་མཐའ་ནན་བྱས་པར་རང་མི་ཁྱོན་ཆེའི་བདེ་རྩར་བསམ་རང་གཞུང་ལྡི་ལི་དོན་གཅོད་དང་བཞུགས་སྒར་རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་མ་ལིག་སབ་སོགས་བརྒྱུད། རྒྱ་གར་གཞུང་ལ་ཞུ་བསྐུལ་དོ་ནན་བགྱིས་ཏེ་མི་མང་རྣམས་རྒྱ་གར་ནང་གཏོང་བཞེས་གནང་རྒྱུ་དང་། རང་གཞུང་ནང་སྲིད་ལྷན་ཁང་ནས་གདོང་བསུ་སྐུ་ཚབ་བཏང་འཐུས་བཀའ་འཁྲོལ་བྱུང་གཤིས། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་ཆེད་བརྫོང་མཛད་པ་ལྟར་ས་གནས་སུ་མི་གྲངས་ཞིབ་བཤེར་སྐབས་ཁྱོན་མི་གྲངས་ ༡༤༧༦ ཡོད། མི་མང་རྣམས་ནའུ་ཏ་ནར་འབྱོར་འཕྲལ་རྒྱ་གར་གཞུང་ནས་ལག་འཁྱེར་ཨར་སིས་ (R.C.) བཟོ་སྤྲོད་དང་། སྨན་བཅོས་སྐྱོབ་ཕོགས་ཐོབ་ཅིང་། མི་མང་རྣམས་ཀུ་ལུ་ལམ་བཟོར་གཏོང་རྒྱུ་གཏན་འཁེལ་གྱི་གྷོ་རག་པུར་ནས་པ་ཊན་ཀོཊི་བར་རིམ་གཏོང་གིས་ ༡༩༦༣ ཕྱི་ཟླ་ ༨ ཚེས་ ༡༤ ཉིན་གཞུང་པ་མ་མཚན་སྤྱི་ཁྱབ་སྲི་རྟམ་གྱིས་གཙོས་མི་གྲངས་ ༡༡༥ ཀུ་ལུ་ར་ལེར་འབྱོར་ནས་ ༡༩༧༥ བར་ཀུ་ལུ་མ་ན་ལིའི་ཁུལ་ལམ་བཟོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་གོང་རིམ་བཀའ་ཤག་དང་ནང་སྲིད་ལྷན་ཁང་གིས་ལམ་སྟོན་གང་གནང་འགལ་མེད་བག་ཡོད་ཚུལ་མཐུན་ངང་འཚོ་སྡོད་བྱས།

ཞིང་གཤེགས་དམ་པ་སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ནི། ཇི་ལྟར་ཁོང་པས་མཛད་པའི་སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན་ཞེས་པ་ལས། “རང་ཉིད་ཀྱི་ངོ་སྤྲོད་ཞུས་པར། མིང་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ། སྐྱེས་ཡུལ། མངའ་རིས་སྐོར་གསུམ་གྱི་ནང་གསེས་སྒར་འོག་གཞུང་པ་མ་མཚན་ཞེས་པར་སྔ་མོ་ཚོ་པ་དགུ་ཡོད་པའི་ནང་ནས་ཁྱུང་བྱང་དང་ཁྱུང་ལྷོ་ཚོ་པའི་ཁོངས་ནས་ཕྱི་མར་སྐྱེས། དེ་ཡང་ཆེས་གནའ་བོའི་དུས་སུ་ཞང་ཞུང་སྐབས་ཁྱུང་གི་རུས་རྒྱུད་ཚོ་པའི་གྲས་ཤིག་ཡིན་པ་གོར་མ་ཆག །ཡང་གཞུང་པ་མ་མཚན་པའི་རྒན་རབས་ཞལ་བགྲེས་རྣམས་ཀྱིས་བརྗོད་རིགས་སུ་ངེད་ཚོའི་རུས་རྒྱུད་ནི་ “བྷྱོ་ཨར་ཡག་ཉི་མ་རྒྱལ་མཚན། །འབོང་བེ་ལུ་ཐར་པ་རྒྱལ་མཚན། (གསུམ་པ་དེ་མ་དྲན་)” ཏེ་རྒྱལ་མཚན་ཐོགས་པའི་མི་གསུམ་གྱི་ཡ་གྱལ་བྷྱོ་ཨར་ཡག་ཉི་མ་རྒྱལ་མཚན་གྱི་རྒྱུད་པ་ཡིན་ཞེས་གླེང་བར་ཡང་བྱེད།

ཕ་ཨ་ཁུ་རྣམས་ཀྱི་གསུང་རྒྱུན་དུ། པོ་པོ་ཟླ་བ་རྡོ་རྗེའམ་ཁོང་གི་ཕ་རྒྱུད་མངའ་རིས་གློ་བོ་ཆོས་རྒྱལ་གྱི་རྒྱུད་པ་ཡིན་པའི་གསུང་རྒྱུན་ལྟར། རང་ཡུལ་ནས་བཙན་བྱོལ་གྱི་བལ་བོད་ས་མཚམས་འབྱོར་འཕྲལ་ཅ་དངོས་དྲག་རིགས་གཡག་རྒྱབ་བཅུ་གྲངས་དང་། འབྲུ་ལུག་རྒྱབ་བརྒྱད་བརྒྱ་སྐོར་གློ་རྒྱལ་ཁང་དུ་གློ་ཆོས་རྒྱལ་ཨ་མགོན་འཇམ་དཔལ་བསྟན་འཛིན་དགྲ་འདུལ་ (1964 ལོར་སྐུ་གཤེགས་) མཆོག་དང་། སྲས་ཨ་མགོན་འཇིགས་མེད་དཔལ་འབར་ (1932 ལོར་སྐུ་འཁྲུངས་) མཆོག་རྣམ་གཉིས་སར་ལོ་འཁོར་མར་ཁང་གླ་སོགས་སྤྲོད་མ་དགོས་པར་བཅོལ་ཉར་རོགས་ཕན་དམིགས་བསལ་མཐུན་གྱུར་གནང་བ་བྱུང་སོང་།” ཞེས་དང་། “ངའི་སྐྱེད་བྱེད་གཞུང་པ་སྤྱི་ཁྱབ་ལས་ཐོག་སྲི་ཆོད་རྟ་མགྲིན།  (1912–1974) སྐྱེས་མ་ཚེ་དབང་ཟུང་ལ་ཕྲུ་གུ་བུ་གསུམ་དང་བུ་མོ་གསུམ་དྲུག་བྱུང་བའི་ཆེ་བ་རང་ཉིད་ས་ཡོས་ (1939) ལོ་པ་” ཞེས་གསལ་ལྟར་དང། སྐུ་ན་སོན་ནས་གཞུང་པ་མ་མཚན་གྱི་དྲུང་ཡིག་ཚེ་དབང་གི་མདུན་ནས་ཡི་གེ་འབྲི་ཀློག་ལེགས་པར་སྦྱངས། ཆུང་དུས་ནས་ཡབ་སྤྱི་ཁྱབ་དམ་པའི་ཕྱག་དཔུང་གཡས་པ་ལྟར་བཏང་འགྲོ་བཞག་སྡོད། གར་བཏང་གོ་ཆོད་ལྟ་བུས་ཞབས་ཕྱི་ཞུ་མཁན་ནང་མ་ཞིག་ཡིན།

དམ་པ་ཁོང་ནི་བཙན་བྱོལ་དུ་འབྱོར་རྗེས་དང་ཐོག་ ༡༩༦༩ ནས་ ༡༩༧༡ བར་ཀུ་ལུ་ལམ་བཟོའི་གཞུང་པ་བརྒྱ་ཤོག་གི་བརྒྱ་དཔོན་གྱི་ལས་འགན་བོད་གཞུང་ནང་སྲིད་ཁང་ནས་བསྐོ་བཞག་སྩལ་གནང་། བོད་གཞུང་ནང་སྲིད་ཁང་ནས་ ༡༩༧༡ ཟླ་ ༡༡ ནས་ ༡༩༧༣ ཕྱི་ཟླ་ ༡༠ བར་ལམ་སྤྱིའི་ལས་ཚབ་བསྐོ་བཞག་སྩལ། བོད་གཞུང་ནང་སྲིད་ཁང་ནས་སླར་ཡང་ཕྱི་ལོ་ ༡༩༧༣ ཟླ་ ༡༠ ཚེས་ ༡༥ ནས་ ༡༩༧༥ ལོ་མགོ་བར་ལམ་སྤྱི་ངོ་མར་བསྐོ་བཞག་སྩལ། ༡༩༧༥ ཕྱི་ཟླ་ ༣ པར་རང་གཞུང་བཀའ་འབྲེལ་མགོ་འོག་ལུས་འཆུད་གནས་དུས་ཚོད་རྩིས་མ་བྱས་པར་རྒྱ་གར་ལྷོ་གཞིས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གཞུང་པ་ཚོ་པའི་མི་དམངས་དང་འདབས་འབྲེལ་ཚོ་ཤོག་སོགས་དང་མཉམ་དུ་ཤར་བསྐྱོད་གནང་། ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་འབྱོར་རྗེས་མི་མང་ཞབས་འདེགས་ཇི་ཞུས་ནི། ༡༩༧༦ ནས་ ༡༩༨༢ བར་མཉམ་སྦྲེལ་དངུལ་གཉེར་དང་མཉམ་སྦྲེལ་བལྟ་རྟོགས་འཐུས་མིའི་ལས་འགན་བསྣམས། ༡༩༧༦ ནས་ ༡༩༨༢ བར་ས་གནས་རང་དབང་བདེན་པའི་ལས་འགུལ་གྱི་དངུལ་གཉེར་དྲུང་ཆེ་ཚོགས་གཙོ་བཅས་ཀྱི་ལས་ཁུར་ཞུས།

༡༩༨༠ ཟླ་ ༤ ཚེས་ ༨ འཁོད་བཀའ་ཤག་ནས་བཀའ་རྒྱ་རིན་པོ་ཆེ་ཕེབས་དགོངས་ནང་དམ་པ་ཁོང་བོད་ནང་གཞུང་འབྲེལ་གཟིགས་བསྐོར་སྐབས་བཞི་པར་ཕེབས་མིའི་ཁོངས་སུ་དྲག་འདེམས་བྱུང་ཡང་མཐར་རྒྱ་དམར་གཞུང་ནས་ངོས་ལེན་མ་གནང་སྟབས་ཕྱི་བཤོལ་བྱས། དབུས་གཙང་སྤྱི་འཐུས་ཕྱག་རྟགས་རིན་པོ་ཆེ་སྩལ་ཐོན་བྱུང་བ་ལྟར་སྐབས་བརྒྱད་པའི་བོད་མི་མང་སྤྱི་འཐུས་ ༡༩༨༢ ཟླ་ ༩ ཚེས་ ༢ ནས་ ༡༩༨༧ ཟླ་ ༩ ཚེས་ ༡ བར་སྤྱི་འཐུས་ལས་ཁུར་ལོ་ལྔ་ཞུས། བཀའ་ཤག་ནས་གངས་ཅན་སྐྱིད་གཤོངས་བོད་ཀྱི་དཔེ་མཛོད་ཁང་དུ་ལས་བསྐོས་གནང་བ་བཞིན་བོད་ཀྱི་དཔེ་མཛོད་ཁང་དུ་རྒྱུན་གཏན་དཔེ་དེབ་རིན་མེད་ཇི་འབྱོར་མ་དེབ་ཏུ་མུ་མཐུད་དེབ་སྐྱེལ་ཐོ་འགོད་དང་། དཔེ་དེབ་སོ་སོའི་མཚན་བྱང་གློག་ཀླད་དུ་འཇུག་རྒྱུའི་མ་ཟིན་འགེང་ཤོག་འགེང་རྒྱུ། བཀའ་གཏན་ཡིག་རྙིང་རིགས་དེབ་འགོད་དང་ཉར་ཚགས་ཞུ་རྒྱུས་མཚོན་མདོར་ན་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢༣ ནས་ ༢༠༠༦ ཟླ་ ༧ ཚེས་ ༡༥ བར་ལོ་ ༡༧ ཟླ་ ༦ ཉིན་ ༡༥ རིང་བོད་ཀྱི་དཔེ་མཛོད་ཁང་དུ་ཞབས་འདེགས་ཞུས། ༡༩༩༤ ཟླ་ ༡༠ ཚེས་ ༡༤ ཉིན་བཀའ་ཤག་ནས་བཀོད་ཁྱབ་ཕེབས་གསལ་ཐའེ་ཝན་བོད་སོག་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་དངུལ་དངོས་འགྲོ་གྲོན་བཏང་སྟེ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་སྟོར་ཞིག་གཏོང་ཐབས་ངན་བྱུས་རིམ་པ་བྱས་པར་བརྟེན། རང་གཞུང་ཆེས་མཐོའི་རྒྱུན་ལས་ནས་ ༡༩༩༠ ལོར་ཞིབ་འཇུག་ཚོགས་ཆུང་དེའི་མཇུག་བསྐྱེལ་ཚོགས་ཆུང་སྐྱར་འཛུགས་གནང་བའི་མི་འགྲོའི་ཁོངས་སུ་བསྐོ་བཞག་གནང་བ་ལྟར། ༡༩༩༤ ཟླ་ ༡༠ ཚེས་ ༡༨ ནས་ཞིབ་འཇུག་ཚོགས་ཆུང་ཚུགས་སྟེ། ༡༩༩༥ ཟླ་ ༡༢ ཚེས་ ༢༦ ཉིན་སྙན་ཐོ་འབུལ་ལམ་ཞུས་ཏེ་ཚོགས་ཆུང་གི་ཞུ་སྒོ་མཇུག་འགྲིལ་ཞུས། ཕྱི་ལོ་ ༢༠༠༣ ནང་སྐུའི་གཅེན་པོ་བཀའ་ཁྲི་ཟུར་པ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་ནས་ལྡི་ལི་རྒྱ་དམར་གཞུང་ཚབ་བརྒྱུད་རྒྱ་གཞུང་དཔོན་རིགས་ཚོར་འབྲེལ་མོལ་གྱི་བོད་དང་རྒྱ་ནག་ལ་སྒེར་གྱི་བལྟ་སྐོར་ཚོགས་ཆུང་ཞིག་གཏོང་གནང་མཛད་རྒྱུའི་མི་འགྲོའི་ཁོངས་སུ་བདམས་ཡང་ལོ་གཅིག་རྗེས་རྒྱ་དམར་ནས་ཁས་ལེན་མ་གནང་སྟབས་ཕྱི་བཤོལ་མཛད།

བཀའ་ཡིག་ཡིག་མཛོད་ངེས་མེད་སྡེ་ཚན་ (དེང་སང་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་སྡེ་ཚན་) ནས་འབོད་བསྐུལ་བྱུང་བ་ལྟར་ ༢༠༠༨ ཟླ་ ༡༢ ཚེས་ ༡ ནས་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ བར་ལས་བཅར་ཞུས་ཏེ་ལོ་ལྔ་ཙམ་རིང་ལས་ཁུངས་ཁག་གི་ཕྱི་ལོ་ ༡༩༥༩ རྗེས་ཀྱི་ཡིག་རྙིང་འཇུག་སྣོད་སོ་སོའི་ནང་དོན་དབྱེ་གསེས་ཁ་ཤོག་དཀར་ཆག་བཟོ་འགོད་གནང་། དགུང་སྣའི་བབས་ཀྱིས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་འདེགས་ལས་མཚམས་བཞག་རྗེས་སུའང་ལྷོད་བཞུགས་མ་གནང་བར་དུས་ཚོད་ཕྲན་བུ་ཡོད་ཚད་ལ་ “སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན།” ཞེས་པའི་ཕྱག་དེབ་ཤོག་གྲངས་ ༣༦༤ ཅན་ ༢༠༡༥ ལོར་རྩོམ་སྒྲིག་སྤར་སྐྲུན་གནང་སྐབས་གངས་ཅན་མགོན་པོ་ྋགོང་ས་སྐྱབས་མགོན་ཆེན་པོས་ཐུགས་བརྩེ་གཟིགས་པས་ཆེད་བརྗོད་བཀའ་གླེགས་རིན་པོ་ཆེ་སྤྱི་ཕེབས་སུ་ “དབུས་གཙང་སྤྱི་འཐུས་ཟུར་པ་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ནས་ངལ་བར་མ་འཛེམས་པར་ ༼སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན།༽ ཞེས་པ་རྩོམ་སྒྲིག་བགྱིས་པའི་ནང་དེ་སྔའི་སྤྱི་ཚོགས་དང་རང་ཁྱིམ་ཕ་མེས་བཅས་པའི་ལོ་རྒྱུས་དང། བོད་ལ་དུས་འགྱུར་མི་བཟད་པ་བྱུང་རྗེས་བཙན་བྱོལ་དུ་འབྱོར་ནས་དཀའ་ངལ་ཆེ་བའི་དུས་སུ་ལམ་བཟོའི་འགོ་པ་སོགས་ཀྱི་ལས་ཁུར་དང། དེ་རྗེས་སྐབས་བརྒྱད་པའི་དབུས་གཙང་སྤྱི་འཐུས་ཀྱི་ལས་ཁུར་བླངས་པ་བཅས་ཀྱི་དུས་རིང་ལྷག་བསམ་རྣམ་དག་གིས་གཞུང་དམངས་ཀྱི་ཞབས་འདེགས་ཞུས་པ་དེ་སྐབས་ཀྱི་མྱོང་ཚོར་བཅས་བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀའི་གནས་ཚུལ་གསལ་བརྗོད་བྱས་ཡོད་འདུག་པ། དེ་དག་ཕྱི་རབས་རྣམས་ཀྱིས་དེའི་ཚེ་དེའི་དུས་ཀྱི་དངོས་བྱུང་གནས་ཚུལ་ཤེས་རྟོགས་ཀྱི་དཔྱད་གཞི་བྱ་འོས་སུ་གྱུར་པས་དོ་སྣང་བསམ་གཞིག་ཡོང་བར་རིགས། སྐྱབས་སྨོན་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཤིང་ལུག་ཟླ་ ༡༠ ཚེས་ ༦ ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༧ ལ།།” ཞེས་དང། ཕྱོགས་མཚུངས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་ྋརྒྱལ་དབང་ཀརྨ་པ་མཆོག་ནས་ཀྱང་གསུང་འཕྲིན་བཀའ་གླེགས་ཕེབས་དགོངས་སུའང། “སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་མཆོག་གི་ཡབ་བོད་དུ་ཡོད་དུས་མངའ་རིས་གཞུང་པ་མ་མཚན་པའི་སྤྱི་ཁྱབ་འགན་ཁུར་ཞིང། དུས་ལོག་སྐབས་གཞུང་པས་གཙོས་བྱང་འབྲོག་ཁག་གི་སྣེ་འཁྲིད་དེ་ྋགོང་ས་སྐྱབས་མགོན་ཆེན་པོའི་ཞབས་རྗེས་སུ་མགོ་འོག་ལུས་ཆུད་ཀྱིས་སྐྱབས་བཅོལ་དུ་འབྱོར། གྲགས་པ་རྣམ་རྒྱལ་གྱིས་ཀྱང་སྔ་ཕྱི་བར་གསུམ་དུ་བཙན་བྱོལ་གཞུང་དམངས་ཀྱི་སྤྱི་དོན་ལ་གཡོ་ཟོལ་མེད་པའི་ལས་འགན་ཐེག་པ་རིམ་འཛེགས་སྒྲུབ་པའི་ཡ་རབས་དྲ་མའི་རིགས་སུ་གཏོགས་པ། ལྷག་པར་ྋརྒྱལ་བའི་དབང་པོ་སྐུ་འཕྲེང་བཅུ་དྲུག་པ་ཡབ་སྲས་དང་ཆོས་དམ་འབྲེལ་བ་ཟབ་པ་ཡིན་འདུག་ཁར། ད་ལམ་སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན་ཞེས་བྱ་བ་རྩོམ་སྒྲིག་བགྱིད་པར་ལེགས་སོ་བསྔགས་བརྗོད་དང། དེབ་འདིའི་ནང་སྔ་དུས་ཁྲལ་ཁྲིམས་སྐོར་གསལ་འཁོད་འདུག་ན་ཕྱི་རབས་གཞོན་སྐྱེས་ཚོར་གནའ་བོའི་བོད་ཀྱི་གོ་རྟོགས་གསལ་པོ་ཡོང་བར་ཡང་ཕན་ངེས་ཅི་ཡང་མཆིས། འདི་ཕྱི་ཀུན་ཏུ་དགེ་བའི་སྨོན་འདུན་བཅས། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ ལ།” ཞེས་བཀའ་དྲིན་ཆེན་པོས་དགྱེས་སྩལ་བྱུང་འདུག

བཙན་བྱོལ་དུ་འབྱོར་ནས་བཟུང་རང་ཚུགས་མ་ཤོར་བའི་ཐོག་འགྲོ་བཟོ་སྡོད་མཁས་བག་ཡོད་ཚུལ་མཐུན་དང་། རྟག་ཏུ་སྤྱི་སེམས་འཆང་བ། བྱ་བྱེད་མང་པོས་རི་རྡོ་ཀླུང་བསྐྱེལ་སྤྱི་ཚོགས་བཟོས་མ་བདེ་བཟོ་མིའི་རིགས་དང་ཐེ་བྱུས་ཡེ་ནས་མེད་པར་གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དམ་ཚིག་འགལ་མེད་སྤྱི་བོར་ཐོད་བཅིངས་སྙིང་གི་རུས་པར་སིམ་པའི་སྒོ་གསུམ་ཞེ་བརྩོན་དང་བླངས་ངོ་ལྐོག་མཚུངས་པ་ཞུ་རྐྱང་དང་། སྐབས་འཚོལ་རིང་ལུགས་དང་། ཆུ་སྣ་གར་འཁྲིད་མ་ཡིན་པར་དྲང་ཚུགས་བརྟན་ལྷིང་བཞུགས་ནས་རང་ནུས་འཇོན་ཚོད་དཔག་ཚོད་ཀྱིས་དབུ་འོག་དཔུང་འདེགས་ཀྱིས་ཞབས་འདེགས་ཞུ་མཁན་ཞིག་རེད་ལགས། ༢༠༡༨ ཕྱི་ཟླ་ ༦ པ་ནས་བཟུང་དེ་སྔ་དང་མི་འདྲ་བ་ཕྲན་བུ་འཕྲོད་བསྟེན་མི་བདེ་བའི་རྣམ་པ་སླེབས་ཉིད་ནས་ྋགོང་ས་སྐྱབས་མགོན་ཆེན་པོའི་གཟིམ་ཆུང་སྒོས་མཇལ་ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་སྐལ་བཟང་གི་གོ་སྐབས་ཅི་ཡང་མྱོང། ལོ་ན་དུ་སླེབས་བཀའ་རྩད་ཕེབས་སྐབས་ ༨༠ ཡིན་ཞེས་ཞུ་དུས་ཞིང་གཤེགས་དེ་ཉིད་ཀྱི་དཔུང་པར་ཐེངས་མང་བྱིལ་བྱིལ་གནང་ནས་ད་ཆ་སེམས་ཁྲེལ་མ་བྱེད། སྣང་དག་ཡོད་མ་རེད། མི་ཚེ་བཟང་མཐར་འཁྱོལ་བ་རེད་ད། བློ་བདེ་པོ་བྱོས་ཞེས་ཡང་ཡང་རྗེས་བརྩེས་བཀའ་སློབ་དབུགས་དབྱུང་བླ་མེད་སྩལ་ཐོབ་བྱུང་།

མདོར་ན་བཙན་བྱོལ་བོད་གཞུང་དམངས་ཀྱི་ཞབས་འདེགས་མི་ལོ་ ༤༩ ལ་ཉེ་བར་སྒྲུབ་རིང་ལྷག་བསམ་རྨ་མེད། ངལ་བ་དང་ལེན་དང་ལྗིད་མོ་ཕྲག་ཁུར་གྱིས་དུས་ཚོད་དང་ནུས་ཤུགས་ཡོད་ཚད་ཕུལ་ནས་མི་ཚེ་བཟང་མཐར་འཁྱོལ་བ་ཞིག་ཡིན། མཐར་དུས་ཐུང་བསྙུན་བཞེས་རྗེས་དགུང་ལོ་ ༨༠ ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༨།༡༨ ཐོག་སྐུ་ཚེའི་འཕེན་པ་རྫོགས། བོད་ཀྱི་དཔེ་མཛོད་ཁང་ནས་ཉིན་རྒྱབ་ལས་ཁུང་ཚུགས་མཚམས་བཞག་ནས་ལས་བྱེད་བྱིངས་ནས་སྨོན་ལམ་གསུངས་པ་གནང་། བླ་མ་གྲུབ་ཐོབ་སྐྱེས་བུ་དམ་པ་ཕྱོགས་བཅུ་མཚམས་བརྒྱད་གང་ན་སུ་བཞུགས་རྣམས་ནས་སྐུ་གཤེགས་དེ་ཉིད་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་སྨོན་ལམ་ཞུ། ཁོང་གི་ཤུལ་ལུས་སྐུ་ཟླ་ཉི་མ་ལྷ་མོ་དང་། བུ་མོ་ཆེ་བ་ཚེ་རིང་སྲི་ཐར་ནང་མི་བུ་ཕྲུག །བུ་མོ་ཆུང་བ་འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར་ནང་མི་བུ་དྲུག་བཅས་འཚོ་བཞུགས་ཡོད། ནམ་རྒྱུན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་རྣམས་ལ་གསར་སྤྲོས་གསར་འགྱུར་འགོད་འོས་མུ་གེ་འཐེབ་འདྲ་ཡོད་ཀྱང་ད་ལན་སྐུ་ཚེ་མ་བརྟན་ནས་ཞག་ ༤༩ རྗེས་ཡང་གསར་འགྱུར་བརྒྱུད་ལམ་གཅིག་གིས་ཀྱང་ལུང་ཚན་འཐེན་འཁྱེར་ཕྱོགས་ལྷུང་ཁོག་བཅུག་གིས་སྣང་མེད་ཟོམ་སྐྱུར་བྱས་པས་བཏང་སྙོམས་མེད་པ་དེར་ཡི་མི་རངས་ནས་འདུག་པའི་ཚེ་ཉེ་འབྲེལ་ལྟོས་བཅས་ཀྱིས་ཀྱང་རེ་བསྐུལ་བྱས་པ་ལྟར་སྐུ་གཤེགས་དེ་ཉིད་ཀྱི་ཚ་བོ་འབྲོག་འཐོམ་ཇོ་མངའ་རིས་གུང་ཐང་ཁབ་མས་བྲེལ་སྟབས་ངང་བྲིས་སོ།།

Share this:
༡༣༢༢ ཀློག་གྲངས།