བཙན་བྱོལ་དང་ཕྱི་སྡོད་བོད་མི་ལས་འཕྲོས་པའི་གཏམ།

– ལྗང་གཞོན།

ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས། ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཟེར་བའི་སྐད་ཆ་དང་གཞུང་འབྲེལ་འགེངས་ཤོག་བཅས་བསྟུད་མར་ཐོན་པ་ནས། རིམ་བཞིན་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྡ་ཆད་དེར་དོགས་སློང་དང་སྐྱོན་བརྗོད་བྱེད་མཁན་གཅིག་རྗེས་གཉིས་མཐུད་དུ་མངོན་ཡོང་གི་འདུག་ལ། གོང་གི་དོགས་སློང་དེ་བཞིན་བཙན་བྱོལ་བོད་མི་དང་ཕྱི་སྡོད་བོད་མི་གཉིས་ལ་ཁྱད་པར་ཡོད་མེད་དང་། ཡང་ན་སྐྱབས་བཅོལ་བའི་ངོ་བོར་གནས་ཡོད་མཁན་དང་རྒྱལ་ཁོངས་གཞན་གྱི་མི་སེར་ལག་འཁྱེར་ཡོད་མེད་ལ་བརྡ་ཆད་དེ་གཉིས་ལས་གང་ཞིག་བེད་སྤྱོད་བྱ་དགོས་མིན་སོགས་གླེང་མཁན་ཡོང་གི་ཡོད་པས། གཤམ་དུ་དེའི་ཐད་ནས་ཚིག་འགའ་གླེང་འདོད་བྱུང་།

གཅིག ཕྱི་སྡོད་བོད་མི་ཟེར་པའི་བརྡ་ཆད་འདི་ནི་རྒྱ་ནག་གཞུང་གིས་བེད་སྤྱོད་བྱེད་ཀྱིན་པའི་ཚིག་རེད། དེ་ནི། ‘ ཕྱི་སྡོད་བོད་མི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག’ ཟེར་པ་ལྟ་བུ་རེད། ཕྱི་སྡོད་རྒྱ་རིགས་ཟེར་པ་དང་ཕྱི་སྡོད་བོད་མི་ཟེར་པ་འདི་ཚོ་གཅིག་ནས་ཆབ་སྲིད་ཀྱི་གལ་གནད་ལས་རིང་དུ་བཏང་བ་ཞིག་དང་། གཉིས་ནས་གནས་ཡུལ་གང་ཡིན་ལ་མ་བལྟས་པར་རྒྱལ་ཁོངས་གཅིག་༼ རྒྱ་ནག་མི་མང་སྤྱི་མཐུས་རྒྱལ་ཁབ་ཀྱི་ཆབ་འབངས ༽ཡིན་པར་སྒྲུབ་ཀྱིན་པ་དེ་རེད། 

གོང་གི་གནད་དོན་དེ་དང་འབྲེལ། ༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ས་ཁུལ་བཅད་སྒོས་ལྟར་ན་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཁུལ་གྱི་ཞིང་ཆེན་བཞི་དང་བོད་རང་སྐྱོང་ལྗོངས་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཁོ་ཚོས་བོད་ཁུལ་སྤྱི་ཡོངས་ཀྱི་ཕྱི་སྡོད་བོད་མིའི་སེམས་པ་འགུགས་ཐབས་དང་སྤྱི་སྡོད་བོད་མི་ཚོར་སྣེ་ལེན་བྱེད་ཕྱོགས་ཞེས་པའི་ཐད་རྒྱས་འཛོམས་ཚོགས་འདུ་བསྐངས་པ་ལྟ་བུ་རེད། འདི་ནི་རྒྱ་ནག་གཞུང་གི་ཆེད་བཀོལ་ཐ་སྙད་ཅིག་ཆགས་ཡོད།

འཇམ་དབྱངས་དཀར་པོས་ “ ” ཕྱི་སྡོད་བོད་མི་ ” ཟེར་བའི་ཐ་སྙད་འདི་གུང་ཁྲན་ཏང་གི་ཐ་སྙད་ཅིག་རེད། འདིའི་རྒྱབ་ལྗོངས་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། འདིའི་རྒྱབ་ལྗོངས་ན་བཙན་འཛུལ་མེད། འདིའི་རྒྱབ་ལྗོངས་ན་(བོད)མི་ས་ཡ་གཅིག་ལྷག་བསད་པའི་ཁྲག་གི་འཁོར་ལོ་མེད། ཚིག་འདིས་མང་པོ་མང་པོ་ཞིག་ནག་བསུབ་ལ་བཏང་ཡོད།” ཞེས་པ་འདི་ཡང་བཙན་བྱོལ་བོད་མི་དང་ཕྱི་སྡོད་བོད་མི་ཟེར་པའི་ཐ་སྙད་མ་འདྲ་བ་གཉིས་ཀྱི་གློ་སྙིང་མཆུན་གསུམ་ཕྱི་རུ་བཏོན་ཏེ་གསལ་འབྱེད་བྱས་པའི་བརྡ་ལན་གསོན་པོ་ཞིག་རེད།

གཉིས། བཙན་བྱོལ་བོད་མི་དང་ཡང་ན་སྐྱབས་བཅོལ་བོད་མི་ཟེར་པའི་བརྡ་ཆད་འདི་ནི་ཆབ་སྲིད་ཀྱི་གལ་གདན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་ལས་བྱུང་བ་རེད། རྒྱ་ནག་དམར་པོའི་བཙན་འཛུལ་ལས་གཡོ་བའམ་བྱོལ་ཏེ་གཞན་ཡུལ་དུ་དུས་ཡུན་ངེས་མེད་ཀྱི་སྐྱབས་བཅོལ་དུ་གནས་ཤིང་། མཐར་ཐུག་གི་སྒྲུབ་བྱ་དང་དམིགས་བྱ་ནི་བཙན་འཛུལ་བ་མཐའ་སྐྲོད་གཏོང་རྒྱུ་དེ་རེད། དེ་ལྟར་ཡུལ་དུས་གང་དུ་གནས་བའི་བོད་མི་རྣམས་རྒྱལ་ཁོངས་གང་རུང་གི་མི་སེར་ལག་འཁྱེར་ཡོད་མེད་ལ་མ་ལྟོས་པར་དུས་ནམ་ཡང་བཙན་བྱོལ་བོད་མི་ཡིན་དགོས་པ་ལས་ཕྱི་སྡོད་བོད་མི་ལ་ཇི་ལྟར་གྱུར་ཐུབ། 

གོང་གི་གནད་དོན་འདི་དང་འབྲེལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་དང་པོའི་དོན་ཚན་བརྒྱད་པ་དང་ལེའུ་གཉིས་པའི་དོན་ཚན་བཅུ་གསུམ་པའི་དགོངས་དོན། གནས་དུས་དགོས་དབང་གིས་རྐྱེན་པས་བོད་ཀྱི་མངའ་ཁོངས་དང་རྒྱལ་ཁབ་གཞན་དུ་སྐྱེས་པ། རྒྱལ་ཁོངས་གང་དེའི་མི་ཟེར་ཡིན་མིན་ལ་ལྟོས་མེད་ཀྱིས་བཙན་བྱོལ་བོད་མིའི་དང་བླང་དཔྱད་ཁྲལ་སྒྲུབ་འབུལ་སོགས་འགན་ཁུར་ཁག་ཚུལ་བཞིན་བསྒྲུབས་ཕྱིན་བོད་ཀྱི་ཆབ་འབངས་ཀྱི་འགན་དབང་ཆ་ཚང་ཡོད་པར་བཀོད་ཡོད།

ད་དུང་ང་ཚོས་ངེས་དགོས་པ་ཞིག་ནི། ང་ཚོ་ནི་དབྱིན་སྐད་དུ་ overseas nationality དང་ overseas citizenship of ….ལྟར་རང་དབང་གི་འཁྱམ་གཡེང་དང་མི་ཚེའི་འཚོ་གནས་ཙམ་དོན་དུ་གཉེར་སླད་འཛམ་གླིང་གང་སར་གནས་བྱེད་པ་ཞིག་མིན་པ་དེ་ཡིན།

མདོར་ན། ང་ཚོ་ཐོག་མར་བཙན་བྱོལ་དུ་ཡོང་བ་ནས། བཙན་བྱོལ་ཞེས་པའི་བརྡ་ཆད་འདི་ལས་དོན་དང་ཡིག་ཆ་སོགས་ཆེ་ཕྲ་ཆུང་གསུམ་གང་དང་ཅི་ཞིག་ཡིན་རུང་ཆུ་འགོ་གངས་ལ་གཏུགས་པ་བཞིན་བྱུང་ཡོད། ཉེ་བའི་ཆར་”བཙན་བྱོལ་”ཞེས་པའི་ཚིག་འདི་གཉིས་རྒྱང་ཕུད་བཏང་དེ་ད་སྔ་སྦྱོར་དངོས་རྗེས་གསུམ་གང་དུ་ཡང་བཀོལ་སྤྱོད་བྱས་མ་མྱོང་པའི་”ཕྱི་སྡོད ” ཅེས་པའི་ཚིག་གཉིས་གང་ཞིག་ནས་གསར་དུ་རྙེད་པའམ་གཡར་པ་ལྟར་བོད་མིའི་མགོར་སྦྱར་ཏེ་ཕྱི་སྡོད་བོད་མི་ཞེས་གཞུང་འབྲེལ་ཡིག་ཆའི་ནང་སིམ་འཛུལ་ཐེབས་འདུག

སིམ་འཛུལ་ཐེབས་སྟངས་ནི་ཆེད་དུ་འགྱུར་བ་བཏང་བ་ཞིག་ཡིན་ནམ་ཡང་ན་སྣང་མེད་ཀྱིས་འབྲི་ནོར་ཤོར་སོང་བ་རེད།  ཆེད་དུ་འགྱུར་བ་བཏང་བ་ཡིན་ན་དེའི་དགོས་དབང་གང་ལ་ཐུག་པ་རེད། སྣང་མེད་ཟེར་ན་བྱིས་པ་ལོ་བརྒྱད་ཅིག་ཡིན་རུང་ཡིད་ངོར་ཤོང་དཀའ་བ་ཞིག་རེད། དེ་མིན་ཐེངས་འདིའི་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཟེར་པ་འདི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་གཞི་ཞིག་ཡིན་ན་ང་ཚོ་ནང་ཁུལ་ལ་ཅི་ཡང་བཤད་རྒྱུ་ལྷག་མེད།།

 

Share this:
༡༦༤༤ ཀློག་གྲངས།