རྒྱ་གར་གྱི་མི་སེར་ཐོབ་ཐང་ཁྲིམས་འཆར་དང་འབྲེལ་ནས་ངོ་རྒོལ་ཆེན་པོ་བྱེད་བཞིན་འདུག

རྒྱ་གར་གཞུང་འཛིན་ཚོགས་པ་བྷི་ཇི་བྷི་ཡིས། གྲོས་ཚོགས་འོག་མའི་ནང་ཉེ་འཁོར་གྱི་རྒྱལ་ཁབ་གསུམ་གྱི་བཙན་གནོན་འོག་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་མཁན་སྐྱབས་བཅོལ་བ་རྣམས་ལས། ཁ་ཆེའི་ཆོས་ལུགས་རྗེས་འབྲངས་པ་མ་ཡིན་པ་ཚང་མར་མི་སེར་ཐོབ་ཐང་སྤྲད་རྒྱུའི་གྲོས་འཆར་བཏོན་ནས་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། དེ་ལ་ཕྱོགས་འགལ་ཚོགས་པ་དང་། སྐྱབས་བཅོལ་བ་དེ་རིགས་གནས་སྡོད་བྱེད་ཡུལ་གྱི་མངའ་སྡེ་ཁག་ཅིག་ནས་ངོ་རྒོལ་ཆེན་པོ་བྱེད་བཞིན་འདུག

དེ་ཡང་ཟླ་༡ པོའི་ཚེས་༨ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་། དབུས་གཞུང་གི་ནང་སྲིད་བློན་ཆེན་རཱ་ཇེ་ནཐ་སིང་གིས། ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་དང་བྷང་ལ་ཌེ་ཤཱི། ཨབ་གྷ་ནི་སི་ཐན་བཅས་ནས་བཙན་གནོན་ལས་ཐར་ཆེད་དུ། རྒྱ་གར་དུ་བྲོས་བྱོལ་དུ་ཡོང་མཁན་གྲངས་ཉུང་མི་རིགས་རྣམས་ཏེ་ཧིན་རྡུ་དང་ནང་པ། ཡེ་ཤུ་སོགས་ཁ་ཆེ་ཆོས་ལུགས་རྗེས་འབྲངས་པ་མ་ཡིན་པ་རྣམས་ལ། མི་སེར་ཐོབ་ཐང་སྤྲོད་རྒྱུའི་གྲོས་འཆར་བཏོན་འདུག གྲོས་ཚོགས་འོག་མའི་ནང་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་མོས་ཡིན་པས། ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་འདུག་པ་དང་། གྲོས་ཚོགས་གོང་མའི་བགྲོ་གླེང་དང་འོས་བསྡུ་བྱེད་རྒྱུ་ཡིན་འདུག

ཁྲིམས་འཆར་དེར་ངོ་རྒོལ་བྱེད་མཁན་ཁོངས་ནས་རྒྱུ་མཚན་མི་འདྲ་བ་ཁག་ཅིག་འདུག དེ་ཡང་ཕྱོགས་འགལ་ཚོགས་པ་ཚོས། ཁྲིམས་འཆར་དེས་སྐྱབས་བཅོལ་བ་ཁོངས་ནས་ཁ་ཆེ་མི་རིགས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་ཁར། བྱེད་སྟངས་དེ་ནི་སླེབས་ལ་ཉེ་བའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ། ཧིན་རྡུ་མི་མང་གི་འོས་ཤོག་ཐོབ་ཐབས་ཀྱི་ངན་བྱུས་ཤིག་ཡིན་སྐོར་བརྗོད་བཞིན་འདུག་ཀྱང་། བྷང་ལ་ཌེ་ཤཱི་ལྟ་བུ་ནས་སྐྱབས་བཅོལ་བ་མང་ཤོས་གནས་སྡོད་བྱེད་ཡུལ་ཨ་སཱམ་མངའ་སྡེའི་ནང་། གལ་ཏེ་སྐྱབས་བཅོལ་བ་དེ་ཚོར་མི་སེར་ཐོབ་ཐང་སྤྲད་ཚེ། ཨ་སཱམ་གྱི་གདོད་མའི་མི་རིགས་ཀྱི་ཁེ་ཕན་ལ་གྱོང་རག་རྒྱུ་ཡིན་སྐོར་བརྗོད་ནས། ཧིན་རྡུ་དང་ཁ་ཆེ་སོགས་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར། སྐྱབས་བཅོལ་བ་ཚང་མ་ཕྱིར་ལོག་གཏོང་དགོས་པའི་དགོས་འདུན་འདོན་བཞིན་འདུག

རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་གྲོས་ཚོགས་ནང་། བཙན་གནོན་འོག་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་དེ་དག་འགྲོ་ས་རྒྱ་གར་མ་གཏོགས་མེད་པས། ཁོ་ཚོར་མི་སེར་ཐོབ་ཐང་སྤྲད་ནས་མངའ་སྡེ་གང་དུ་གནས་སྡོད་བྱས་ནའང་འགྲིག་གི་ཡོད་པས། མངའ་སྡེ་གཅིག་གིས་ཁོ་ཚོའི་འགན་ཆ་ཚང་ལེན་མི་དགོས་སྐོར་བརྗོད་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས། རྒྱ་གར་གཞུང་འཛིན་ཚོགས་པས་བྷི་ཇི་བྷི་ཡི་ལས་དོན་དེ་ལ་བརྟེན་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་རྒྱུ་ཡིན་སྐོར་བརྗོད་བཞིན་པ་ལྟར། ཨ་སཱམ་མངའ་སྡེའི་ནང་གི་བྷི་ཇི་བྷིའི་གཞུང་འཛིན་གྱི་མཐུན་ཕྱོགས་སྲིད་དོན་ཚོགས་པ་དེས། མཐུན་ཕྱོགས་ནས་ཕྱིར་འཐེན་བྱས་ཏེ། ཚོགས་པ་དེའི་ཚོགས་གཙོས་སྲིད་དོན་ཚོགས་པ་དེ་ཕྱི་ལོ་༡༩༨༥ ལོར་ཨ་སཱམ་ནང་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་ཏེ་འགོ་འཛུགས་བྱས་ཡོད་པས། རྒྱུན་དུ་ནས་མངའ་སྡེའི་ནང་བྷང་ལ་ཌེ་ཤཱི་ནས་ཁྲིམས་འགལ་སྐྱབས་བཅོལ་བ་སླེབས་མཁན་དང་གནས་སྡོད་བྱེད་མཁན་རྣམས་ལ་དགག་པ་བྱེད་བཞིན་ཡོད་པ་ལྟར། ཐེངས་འདིར་དབུས་གཞུང་འཛིན་ཚོགས་པའི་ལས་དོན་ལ་བརྟེན་ནས། དེའི་མཐུན་ཕྱོགས་བྱེད་ཐབས་མེད་སྐོར་བརྗོད་འདུག

ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་རྗེས། ཨ་སཱམ་མངའ་སྡེའི་ནང་ཚོང་ཁང་ཟ་ཁང་སོགས་སྒོ་བརྒྱབ་ཡོད་ཁར། ངོ་རྒོལ་བ་ཚོས་བྷི་ཇི་བྷིའི་ལས་ཁང་གཉིས་གཏོར་བཤིག་བཏང་བ་མ་ཟད། སྲིད་བློན་མཱོ་རྡི་ཡི་འདྲ་གསོབ་གཅིག་མེར་བསྲེགས་འདུག ཉེན་རྟོག་པས་བརྗོད་དོན་ལྟར་ན། ངོ་རྒོལ་ལས་འགུལ་བ་༧༠༠ ལས་མང་བ་འཛིན་བཟུང་བྱས་འདུག

དེ་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་མ་ཐོབ་པའི་ཉིན་གཅིག་སྔོན་དུ། ཨ་སཱམ་མངའ་སྡེའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་༧༠ ལས་མང་བས་ཁྲིམས་འཆར་དེར་མི་དགའ་བའི་རྣམ་འགྱུར་སྟོན་པའི་ལས་འགུལ་སྤེལ་འདུག

ཁྲིམས་འཆར་དེ་ཐོག་མར་ཕྱི་ལོ་༢༠༡༦ ལོར་གྲོས་འཆར་བཏོན་པ་ཞིག་ཡིན་འདུག་པ་དང་། དེས་ཕྱི་ལོ་༡༩༩༥ ལོའི་རྒྱ་གར་གྱི་མི་སེར་ཐོབ་ཐང་ཁྲིམས་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་འདུག ཁྲིམས་འཆར་དེ་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ཟིན་བྲིས་བྱས་ཏེ། ཐེངས་འདིར་གྲོས་ཚོགས་ར་བའི་ནང་འོས་བསྡུའི་ཆེད་ཁྲིམས་འཆར་བཏོན་པ་ཞིག་རེད་འདུག ཁྲིམས་འཆར་དེའི་ནང་ཨབ་གྷ་ནི་སི་ཐན་དང་པཱ་ཀི་སི་ཐན། དེ་བཞིན་བྷང་ལ་ཌེ་ཤཱི་བཅས་ནས་སླེབས་པའི་ཁ་ཆེ་ཆོས་ལུགས་རྗེས་འབྲངས་བ་མ་ཡིན་པའི་སྐྱབས་བཅོལ་བ་རྣམས་རྒྱ་གར་ནང་ལོ་དྲུག་གནས་སྡོད་བྱས་རྗེས། ཡིག་ཆ་ཡོད་མེད་ལ་མ་ལྟོས་པར་མི་སེར་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་ཡོད་འདུག དེ་ཡང་དེ་སྔོན་ཡིན་ན་ལོ་ངོ་༡༢ ཀྱི་ཆ་རྐྱེན་ཡོད་པ་རེད་འདུག

ཨ་སཱམ་རྒྱལ་ཡོངས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོས། མངའ་སྡེ་དེའི་ནང་སྔོན་ཚུད་ནས་བྷང་ལ་ཌེ་ཤཱི་ནས་ཁྲིམས་འགལ་ཐོག་སླེབས་མཁན་ཁ་ཆེ་བ་མང་པོ་ཞིག་ཡོད་ཁར། ད་ལྟ་དབུས་གཞུང་གིས་བྷང་ལ་ཌེ་ཤཱི་ནས་སླེབས་པའི་ཧིན་རྡུ་ཆོས་ལུགས་རྗེས་འབྲངས་པ་ཚང་མར་མི་སེར་ཐོབ་ཐང་སྤྲོད་ཐབས་བྱེད་བཞིན་ཡོད་པ་རེད། ཁོ་ཚོའི་མངོན་འདོད་ནི་ཁྲིམས་འགལ་ཐོག་ནས་སླེབས་མཁན་སྐྱབས་བཅོལ་བ་ཚང་མ་ངོས་འཛིན་བྱས་ཏེ། ཆོས་ལུགས་ག་རེ་ཡིན་མིན་ལ་མ་ལྟོས་པར་ཕྱིར་ལོག་གཏོང་དགོས་སྐོར་བརྗོད་འདུག

རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དེའི་ཉེན་ཁར་རྟོག་ཞིབ་ལས་ཁང་གི་འགན་འཛིན་གྱིས། ཁྲིམས་འཆར་དེས་མི་རིགས་གཅིག་ལ་དམིགས་འབེན་བཟུང་ཡོད་པས། རྩ་ཁྲིམས་དང་མཐུན་གྱི་མེད་ཁར། གྲོས་ཚོགས་གོང་མའི་ནང་གཞུང་འཛིན་ཚོགས་པས་དབང་འཛིན་བྱེད་ཀྱི་མེད་པས། ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༩༧ ཀློག་གྲངས།