ཕྱི་སྡོད་བོད་མི་ཞེས་པ་ཆབ་སྲིད་ཀྱི་རྒྱབ་ལྗོངས་མིན་པར། གོ་བརྡ་འཕྲོད་ཆེད་རེད་ཅེས་འཆར་འགོད་འགན་འཛིན་གྱིས་གསུངས།

ཕྱི་རྒྱལ་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་འགྲོ་བཞིན་པ་དང་སྟབས་བསྟུན། འགེངས་ཤོག་ནང་བོད་ཡིག་མི་འདུག་ཅེས་བསམ་ཚུལ་འདོན་མཁན་ཁག་ཅིག་དང་། ཕྱི་སྡོད་བོད་རིགས་བྲིས་པ་དེར་ངོས་ལེན་མེད་པའི་བསམ་ཚུལ་འདོན་མཁན་ཁག་ཅིག་ཡོང་གི་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་འགན་འཛིན་ཌོག་ཊར་དཀོན་མཆོག་བརྩོན་འགྲུས་ལ། གནས་ཚུལ་དེའི་བྱུང་རིམ་སྐོར་ལ་བཅར་འདྲི་བྱས་པ་ཡིན།

དྲི་བ། བཙན་བྱོལ་བོད་མིའི་ནང་མི་འབོར་ཞིབ་བཤེར་ལོ་བཅུ་རེའི་ནང་ཐེངས་རེ་བྱེད་བཞིན་ཡོད་པ་དེའི་སྐོར་ངོ་སྤྲོད་གནང་རོགས།

ལན། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐོག་མ་༡༩༩༨ ལོར་བྱས་པ་དང་། ལོ་བཅུ་རེར་བྱེད་སྲོལ་ཡོད་པ་ལྟར་༢༠༠༨ དང་༢༠༠༩ ལོའི་དེ་ཚར་བ་དང་། གསུམ་པ་༢༠༡༨ ལོར་བྱེད་དགོས་ཁེལ་ཡོད་རེད། དེའི་དགོས་དོན་གཙོ་ཆེ་ས་མི་འབོར་གྱི་འགྱུར་བ་དང་། སྐྱེས་ཚད། ཤེས་ཚད། ན་ཚོད། ཕྱི་ལོག་གི་གནས་སྟངས་དགོས་རེད་ལ། སྤྱི་ཚོགས་ལས་འཆར་ཆེད་དགོས་པའི་འཕྲོད་བསྟེན་གནས་སྟངས། དཔལ་འབྱོར་གནས་སྟངས། ཤེས་ཡོན། ཚོང་ལས། ལས་ཀ་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཆེད་རེད། གཞི་རིམ་གྱི་གནས་ཚུལ་དེ་ཤེས་ན་ལས་འཆར་བཟོ་སྟངས་ལ་ཁྱད་པར་འགྲོ་ཡི་ཡོད་རེད། དེ་ནས་བཙན་བྱོལ་བོད་མིའི་ནང་ནས་མང་པོ་ཞིག་ཕྱི་ལོག་ལ་ཕེབས་ཟིན་པས། དེ་ཚོའི་ཆེད་དང་། རྒྱ་བལ་འབྲུག་གསུམ་ནང་ལས་འགུལ་སྤེལ་དགོས་པ་གཉིས་ཆགས་ཡོད་རེད། སྔོན་མ་ཉིན་བརྒྱ་དུས་གཅིག་ལ་བྱེད་སྟངས་ཤིག་ཡོད་རེད་དེ། དེ་ཡང་མི་འབོར་གནས་སྤོར་སོགས་ཀྱི་དཀའ་ངལ་གྱིས་མཉམ་ཞུགས་མ་ཐུབ་པ་ཡོང་གི་ཡོད་པས། ད་ཐེངས་ལྷོད་ལྷོད་བྱས་ནས། ཚགས་ཚུད་པོ་བྱས་རེད། རྗེས་མར་ཡང་བསྐྱར་མི་འབོར་ཞིབ་བཤེར་མི་དགོས་པར། རྩིས་འཕྲུལ་ནང་བཅུག་ནས་ལོ་ལྟར་ཕྲུ་གུ་སྐྱེས་གྲངས་དང་གནས་ཚུལ་དུས་ཐོག་གྲོས་ཚོགས་དང་ནང་སྲིད་བརྒྱུད་ནས་ཐོ་འགོད་བྱེད་ཆོག་གི་ཡོད་རེད་ལ། རྒྱ་བལ་འབྲུག་གསུམ་གྱི་ལས་རིམ་དེ་ཚར་བ་རེད། དེ་ནས་ཕྱི་རྒྱལ་ཁག་ཏུ་ཡོད་མཁན་ཚོའི་ལས་གཞི་དེ་༢༠༡༨ ལོའི་ཕྱི་ཟླ་༡༡ ནང་འགོ་བཙུགས་ཏེ། ༢༠༡༩ ལོའི་ཕྱི་ཟླ་༤ དང་༥ པའི་ནང་ཚར་ཡོང་གི་རེད། དེ་ནས་ཆ་ཚང་རྩིས་འཕྲུལ་ནང་འདོན་ཐུབ་པའི་ལས་གཞི་དེ་འགྲོ་བསྡད་ཡོད་རེད།

དྲི་བ། རྒྱ་བལ་འབྲུག་གསུམ་གྲངས་བཤེར་ཟིན་པས། བོད་པ་གནས་སྤོ་དེ་དུས་ཚོད་ངེས་མེད་ཡིན་དུས། ཕྱི་རྒྱལ་ཁག་ཏུ་གསར་དུ་སླེབས་པ་ཚོ་ཉིས་ལྡབ་འགྲོ་ཉེན་ཡོད་པ་མ་རེད་དམ།

ལན། དེ་ལ་འགྲོ་སྟངས་དེ་ད་ཡོད་ས་གནས་ཀྱི་མི་འབོར་དང་ཁྲིམས་མཐུན་གྱི་མི་འབོར་དབྱེ་བ་གཉིས་ཡོད་རེད། ད་ཡོད་ས་གནས་ཀྱི་མི་འབོར་དགོས་པ་ལས། ཁྲིམས་ཐོག་ཀྱི་མི་འབོར་ས་གནས་སུ་ཐོ་དང་། མ་དེབ་ནང་གང་ཡོད་པ་དེ་བཅུག་གི་ཡོད་མ་རེད། གལ་སྲིད་ཕྱི་རྒྱལ་ལ་སོང་ནས་ཚུར་ཡོང་གྲབས་ཡོད་ན། ས་གནས་ཀྱི་མི་འབོར་ནང་བཅུག་རྒྱུ་དང་། ཕྱི་རྒྱལ་ལ་སོང་ནས་ལོ་གཉིས་འགོར་ཡོད་ན་གཞིས་ཆགས་ཀྱི་གྲངས་འབོར་ནང་ཚུད་ཀྱི་ཡོད་མ་རེད། ཕྱི་ལོག་ལ་ཕྱིན་སོང་ཞེས་འགོད་དགོས་རེད། དེ་འདྲ་བྱས་དུས་དཀའ་ལས་ཡོད་རེད་དེ། ཨང་གྲངས་ཤིག་ཀྱང་སྤྲད་ཡོད་རེད། དེ་དང་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་གཉིས་བསྡུར་དུས་ཉིས་ལྡབ་མ་ཡོང་བར་རེ་བ་བྱེད་ཀྱི་ཡོད་ལ། དྭང་བླངས་དཔྱ་ཁྲལ་དེབ་མེད་མཁན་ལ་ཨང་གྲངས་ཤིག་ཡོད་པས། ཉིས་ལྡབ་མ་ཡོང་བ་དང་ཆ་ཚང་བ་དགོས་ཀྱི་ཡོད་རེད།

དྲི་བ། བོད་ནས་ཐད་ཀར་ཨ་རི་སོགས་ཕྱི་རྒྱལ་ལ་སོང་བ་དང་། བོད་ལ་ཕྱིར་མི་ལོག་པར་ཕར་གནས་སྡོད་བྱེད་མཁན་ཡིན་ན། མི་འབོར་ཞིབ་བཤེར་འདིའི་ནང་ཚུད་ཀྱི་ཡོད་རེད་དམ།

ལན། ཕྱི་རྒྱལ་ཁག་ལ་བསྡད་ཡོད་པའི་བོད་པ་ཡིན་དོ་ཅོག་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ནང་འཛུལ་གྱི་ཡིན་ཟེར་ན། བོད་ནས་ཐད་ཀར་ཡོང་མཁན་དང་འདིར་བཙན་བྱོལ་དུ་ཡོང་མཁན་ཚང་མ་ཚུད་ཀྱི་ཡོད་རེད། ད་སྔ་བྱེད་མ་མྱོང་བའི་དོན་གཅོད་ཁག་གིས་བོད་མི་གནས་སྡོད་བྱེད་སའི་ས་གནས་ཚང་མར་ས་ཁྲ་བཟོ་ཡི་ཡོད་རེད་ལ། ས་གནས་སོ་སོ་ལ་འགན་ཁུར་བ་ཡོད་རེད། ཚང་མ་མཉམ་ཞུགས་གནང་རོགས་ཞེས་ཁྱབ་བསྒྲགས་དང་འབོད་སྐུལ་བྱས་ཡོད། བོད་མི་འདུས་སྡོད་ཆེ་སར་ཆེད་བཅར་དང་། ཁ་འཐོར་ཡིན་ན་ཁོང་ཚོས་གློག་འཕྲིན་བརྒྱུད་ནས་ཐོ་འགོད་ཆོག་རེད་ལ། ཨ་རི་ལྟ་བུ་ཡིན་ན་དྲ་རྒྱ་ཞིག་ཀྱང་བཟོས་འདུག

དྲི་བ། ད་ཐེངས་མི་འབོར་ཞིབ་བཤེར་དེར་ཕྱི་རྒྱལ་དུ་སྡོད་མཁན་མི་མང་ཁྲོད་བོད་ཡིག་མི་འདུག་ཅེས་བསམ་ཚུལ་འདོན་མཁན་ཁག་ཅིག་འདུག དེའི་དཀའ་ངལ་ག་རེ་ཡིན་ནམ།

ལན། དེ་གཉིས་ཆགས་སོང་། རྒྱ་བལ་འབྲུག་གསུམ་དེ་བོད་ཡིག་རེད་ལ། སྔོན་མ་ཡང་བོད་ཡིག་རེད། དཀའ་ངལ་ཡོད་མ་རེད། ཡིན་ཡང་ཕྱི་རྒྱལ་ཁག་ལ་སྡོད་མཁན་ཚོའི་ཆེད་དུ་ཁོང་ཚོའི་སྐུ་ཚབ་མཉམ་དུ་ཚོགས་འདུ་ཐེངས་ཁ་ཤས་འཚོགས་རེད། ཁོང་ཚོས་འགེངས་ཤོག་སྐོང་མཁན་ཚང་མ་གཞོན་སྐྱེས་རེད། དེ་དབྱིན་ཡིག་ནང་དགོས་པ་ལས། བོད་ཡིག་དེ་ཕྱི་ལ་སྡོད་མཁན་ཚོར་ཚད་མཐོན་པོ་མེད་པས། ཚིག་གཅིག་བསྒྱུར། དེ་གོ་བརྡ་མ་འཕྲོད་པ་ཡོང་གི་འདུག བཙན་བྱོལ་ནང་ལས་ཀ་བྱེད་སྐབས་བོད་ཡིག་དང་དབྱིན་ཡིག རྒྱ་ནག་ནང་ཡིན་ན་རྒྱ་ཡིག་རེད། སྐད་ཡིག་གསུམ་མེད་ན་ལས་ཀ་བྱེད་ཐུབ་ཐབས་མི་འདུག དུས་ཚོད་དང་གནས་སྟངས་ལ་བསྟུན་ནས་ཕྱི་རྒྱལ་ཁག་ལ་དབྱིན་ཡིག་ཐོག་བཟོས་རེད། བོད་ཡིག་ཐོག་བཟོས་བཞག་ཡོད་རེད་དེ། དེ་བཀྲམ་ནས་ཁ་ཤས་ཀྱིས་དབྱིན་ཡིག་ནང་བསྐངས། ཁ་ཤས་ཀྱིས་བོད་ཡིག་ནང་བསྐངས་ཡོང་དུས་དཀའ་ངལ་ཞིག་ཡོད་རེད་ལ། གནས་ཚུལ་གསར་པ་ཁ་ཤས་གོ་བརྡ་མ་འཕྲོད་པར་འཁྲུགས་འགྲོ་ཡི་འདུག

དྲི་བ། ད་ལྟ་གླེང་སློང་ཡོང་ས་གཅིག་དེ་ཐ་སྙད་རེད། ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཟེར་བ་དེ་རྒྱ་ནག་གཞུང་གིས་བོད་མི་སྐྱབས་བཅོལ་བར་འབོད་སྟངས་ཤིག་ཡིན་པས། དེའི་ཐོག་མོས་མཐུན་མེད་པའི་བསམ་ཚུལ་འདོན་མཁན་འདུག དེའི་ཐོག་དགོངས་ཚུལ་གང་ཡོད།

ལན། དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་པ་མ་རེད། གོ་བརྡ་འཕྲོད་ཆེད་རེད། དཔེར་ན་རྒྱ་གར་ནང་བཙན་བྱོལ་བོད་མི་ཟེར་གྱི་ཡོད་རེད་ལ། ཕྱི་རྒྱལ་གཞན་ཁག་ཏུ་ཡོད་མཁན་ཚོར་བཙན་བྱོལ་བོད་མི་ཟེར་དུས། ལས་གཞིའི་ངོ་བོ་ཅུང་ཁ་ཁ་ཆགས་དུས། ཧ་གོ་བའི་ཆེད་དུ་མིང་བཏག་པ་རེད། ཕར་བོད་ནས་ཁ་ཐུག་བཙན་བྱོལ་ལ་ཡོང་བའི་བོད་མི་མང་པོ་ཡོད་ས་རེད། དེ་ཚོ་ཡང་བཙན་བྱོལ་བོད་མི་རེད། ཡིནའང་བཙན་བྱོལ་བོད་མིའི་ངོ་བོ་མ་འདྲ་ཆགས་ཡོད་རེད། རྒྱ་གར་ཡིན་ན་ང་ཚོ་མི་སེར་ཆགས་ཡོད་པ་མ་རེད། སྐྱབས་བཅོལ་ཡིན། བཙན་བྱོལ་ཡིན་ཟེར་གྱི་ཡོད་རེད། ལག་དེབ་སེར་པོ་དང་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་(RC) བཟུང་ཡོད་དུས་བཙན་བྱོལ་ལབ་ཐུབ་ཀྱི་ཡོད་རེད། ཕར་བཙན་བྱོལ་ལབ་དུས་ལས་གཞིའི་ངོ་བོ་དབྱེ་འབྱེད་ལ་དཀའ་ངལ་ཡོང་གི་ཡོད་རེད། བོད་ཡིག་ཚིག་གཅིག་ཡོད་པ་དེ་རེད་ལ། དེའི་ཐོག་ལབ་གླེང་ཡོང་གི་ཡོད་ས་རེད་དེ། ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་མ་རེད། གཞིས་ལུས་བོད་མི་དང་། བྱེས་འབྱོར་བོད་མི། སྐྱབས་བཅོལ་བོད་མི། བཙན་བྱོལ་བོད་མི། ཕྱི་སྡོད་བོད་མི་ཞེས་རིམ་པས་ཡོང་རྒྱུ་རེད་འདུག ད་ཐེངས་འགེངས་ཤོག་དེ་ཧ་གོ་ཆེད་དུ་བཟོས་བཞག་པ་ཞིག་རེད།

དྲི་བ། ང་ཚོའི་བཅའ་ཁྲིམས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟེར་གྱི་ཡོད་རེད་ལ། བཅའ་ཁྲིམས་འོག་ནས་མི་འབོར་ཞིབ་བཤེར་འདི་བྱེད་ཀྱི་ཡོད་པས། ཁོང་ཚོ་དེའི་འོག་མ་ཚུད་པ་ལྟ་བུ་ཡོང་གི་མ་རེད་དམ།

ལན། བཅའ་ཁྲིམས་ཀྱི་དྲི་བ་ཞིག་ཡིན་དུས། ངས་དེའི་ཐོག་ཞེ་དྲག་ཞུ་ཐུབ་ཀྱི་མི་འདུག་སྟེ། བཅའ་ཁྲིམས་དེ་ཕྱི་ལོག་ལ་ལག་བསྟར་ག་ཚོད་ཐུབ་ཡོད་རེད། བཅའ་ཁྲིམས་ལ་འགྱུར་བ་དགོས་པ་མཐོང་གི་མི་འདུག་སྟེ། ལས་རིམ་ཁག་ལ་འགྱུར་བ་གཏོང་དགོས་མིན་འགྲོ་དྲན་གྱི་འདུག བཅའ་ཁྲིམས་ཀྱི་ཁྱབ་ཚད་ག་ཚོད་ཡོད་རེད། འདི་ཆབ་སྲིད་ཀྱི་གནད་འགག་ཆེན་པོའི་ལས་ཀ་རེད། འདི་ནས་ཕར་བོད་པ་ཧ་ལམ་ཕྱེད་ཀ་ཙམ་འགྲོ་ཚར་འདུག ང་ཚོས་ཕར་ལས་གཞི་སྤེལ་དུས་སྐྱབས་བཅོལ་གྱི་ལས་གཞི་སྤེལ་ཐུབ་ཀྱི་ཡོད་མ་རེད། རྒྱ་གར་ནང་མིང་ཚིག་མང་པོ་རེད། Non Resident Indian (NRI) དེ་ཚོའི་ཐོག་ནས་ལག་ཁྱེར་བཟུང་ཡོད་རེད། ཕར་བཙན་བྱོལ་གྱི་ངོ་བོ་དོར་ནས་མི་རིགས་ཤིག་གི་ལག་ཁྱེར་བཟུང་ཡོང་དུས། དེ་ལ་ང་ཚོར་མིང་ཚིག་ཅིག་དགོས་རེད། དེ་ལ་སྐྱབས་བཅོལ་ལབ་ན་འགྲིག་གི་མ་རེད། བཙན་བྱོལ་ཟེར་བ་སྤྱིར་བཏང་ཁྱབ་ཆེན་པོ་འདུག་སྟེ། ཕར་དེ་ལབ་ན་ལས་ཀ་བྱེད་དུས་དཀའ་ལས་ཡོད་རེད། ཕྱི་ལོག་ལ་ལས་གཞི་མང་པོ་སྤེལ་རྒྱུའི་ལམ་ཀ་གསལ་པོ་ཆགས་ཡོང་གི་ཡོད་ལ། སྤེལ་དགོས་རེད་ཀྱང་གསུང་གི་འདུག ད་ལྟ་ག་རེ་གནང་ཐུབ་མིན་ལ་དྲི་བ་མང་པོ་བཏོན་བཞག་ཡོད། ལས་གཞིའི་མིང་གསར་པ་མང་པོ་ཡོང་གི་རེད་ལ། དངོས་ཡོད་གནས་སྟངས་ཀྱི་འགྱུར་བ་ལ་བལྟས་ནས་མིང་དེ་བཟོས་བཞག་པ་ཡིན།

དྲི་བ། རྒྱ་ནག་གཞུང་གིས་བཙན་བྱོལ་བ་ཟེར་གྱི་ཡོད་མ་རེད་ལ། མཚམས་རེར་ཕྱི་སྡོད་བོད་རིགས་དང་། ཡུལ་གྱལ་གཞུང་ཟེར་གྱི་ཡོད་རེད། ཆབ་སྲིད་ཀྱི་ཆ་ནས་ཚིག་དེ་རང་ང་ཚོས་བེད་སྤྱོད་བྱས་ན། མ་འགྲིག་སྐོར་གསུང་མཁན་རེད་འདུག

ལན། དེ་ནས་བླངས་བཞག་པ་རྩ་བ་ནས་མ་རེད། རྒྱ་ནག་གིས་ཡུལ་གྱར་བ་བོད་རིགས་ཟེར་གྱི་འདུག ཕྱི་སྡོད་བོད་རིགས་རྒྱ་ནག་གིས་དེ་འདྲ་ཤུགས་ཆེན་པོ་ཟེར་གྱི་ཡོད་མེད་ཀྱང་གང་ཤེས། ཡིན་ནའང་ཕྱི་རྒྱལ་ལ་ overseas Tibetan ཟེར་བ་ཞིག་ཡོད་རེད། དེ་བོད་ཡིག་ལ་བསྒྱུར་དུས་དེ་རང་རེད། ཕྱི་ལ་སྡོད་པའི་བོད་མི་ཟེར་བ་ལས། དེ་ལས་ཡག་ཅིག་མི་འདུག དེ་རྒྱ་ནག་གིས་ overseas Chinese ཟེར་གྱི་ཡོད་རེད། རྒྱ་ནག་གིས་ཕྱི་སྡོད་བོད་རིགས་བེད་སྤྱོད་མང་པོ་གཏོང་གི་ཡོད་ན། དེ་གཉིས་ཐོ་ཐུག་བྱུང་བ་འདྲ་ལས། ཕར་ནས་བླངས་བཞག་པ་མ་རེད། ཚིག་དེར་ཆབ་སྲིད་ཀྱི་གོ་དོན་ཡོད་ན། ཚིག་དེ་དང་པོ་བཟོས་ནས་ལས་ཁུངས་ཁག་དང་དོན་གཅོད་ཁག ས་གནས་ཁག་མང་པོར་བསྐུར་ནས་ཟླ་བ་མང་པོ་འགོར་རེད་ལ། དེའི་སྐབས་བསམ་ཚུལ་དེ་འདྲ་བྱུང་མ་སོང་། དེ་ནས་འགྲིག་གི་འདུག་བསམ་རེད། དེ་རྐང་བཙུགས་ནས་ཆབ་སྲིད་བཟོ་བའི་འབད་བརྩོན་མ་གནང་རོགས། ང་ཚོའི་དེར་ཆབ་སྲིད་ཡོད་པ་ཞིག་ཅང་མ་རེད་ཞུ་རྒྱུ་ཡིན། །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱི་བཅར་འདྲི་བྱས། ༢༠༡༩།༡།༩

 

 

Share this:
༡༡༦༧ ཀློག་གྲངས།