རྩ་དོན་འཐབ་རྩོད་དང་། ཕྱི་སྡོད་བོད་མི།

ཁ་བྱང་གི་འགྲེལ། འདི་ལྟར་རྒྱ་ནག་ལ་དགོས་པ་ཁོ་ན་བྱེད་རྒྱུ་ཡིན་ན། མགོ་འདོགས་རྒྱུ་ཡིན་ཟེར་བཤད་ཕོད་དགོས།

ཉིན་ཤས་གོང་བོད་གཞུང་ནས་མི་འབོར་ཞིབ་བཤེར་འགེངས་ཤོག་བཀྲམ་པ་ཐོས་དུས། ཚད་ལྡན་གྱི་མི་འབོར་ཞིབ་བཤེར་ནི་དགོས་ངེས་དང་། དེ་ཡང་མིའི་གྲངས་ཀ་བསྡུ་ལེན་ཙམ་མིན་པར། མི་རེ་རེའི་ཤེས་འཇོན་དང་། ལས་ཀ སློབ་སྦྱོང་སོགས་ཀྱི་མངོན་འདོད། དེ་བཞིན་སྤྱི་ཡོངས་སྤྱི་ཚོགས་ཀྱི་དགོས་མཁོ་བཅས་པ་བསྡུ་ལེན་ཐུབ་ཚེ། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཛིན་སྐྱོང་དང་། སྤྱི་ཚོགས་ཀྱི་ནུས་པ་བཀོལ་སྤྱོད། དེ་བཞིན་གཞུང་དང་མང་ཚོགས་ཀྱི་དགོས་མཁོ་བཅོས་སྒྲིག་སོགས་ཀྱི་སྲིད་ཇུས་བཟོ་བར། ཕན་ནུས་ཆེན་པོ་ཐོན་ངེས་པས། ལས་རིམ་དེའི་ནང་འཛུལ་ཞུགས་བྱ་རྒྱུའི་འདུན་པ་འཆང་བཞིན་པའི་ཁར་སང་ཞོགས་པར། མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་དེའི་འགོ་བརྗོད་དུ། ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཟེར་འཁོད་པ་མཐོང་དུས།  ལོ་ཤས་རིང་གི་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་འགྱུར་བའི་ཁ་ཕྱོགས་དག་སླར་ཡང་ཡིད་ལ་འགོག་མེད་དུ་ཤར་ཞིང་། བློ་ཕམ་ཚད་མེད་ཀྱིས་འཐབ་རྩོད་རྒུད་པའི་དུས་རིམ་མང་པོ་ཞིག་གློག་བརྙན་ལྟར། གཅིག་རྗེས་གཉིས་མཐུད་དུ་འཆར་བྱུང་བས། སེམས་ཕམ་དེ་སངས་ཆེད། བློ་ཐག་ཉེ་བའི་གྲོགས་པོ་ཚོ་ལ་ཁ་པར་དང་། འཕྲིན་ཐུང་བརྒྱུད་ནས་སྐྱོ་གཏམ་གླེང་རེས་བྱས་ནས་ཁ་སང་དེ་ལྟར་རྫོགས། བཙན་བྱོལ་བོད་མི་ཞེས་པའི་འཐབ་རྩོད་ཀྱི་ངོ་བོ་མཚོན་པའི་སྐད་ཆ་དེ་ཉིད། དགྲ་བོས་བཀོལ་བའི་ཕྱི་སྡོད་བོད་མི་ཟེར་བར་བཟོ་བཅོས་བྱས་པ་ནི། བོད་ལ་མཚོན་ན། སྤྱི་ལོ་ ༢༠༡༩ ལོར་གོ་བའི་གཏམ་ངན་དང་པོ་དེ་ཡིན།

བཙན་བྱོལ་བོད་མིའི་ལོ་རྒན་དྲུག་ཅུའི་ལོ་རྒྱུས་ལ་ཡར་རྒྱས་དང་། ཉམས་རྒུད་ཀྱི་ལེགས་ཉེས་ཐག་གུའི་ཁྲ་ལྟར་ཡོད་པ་ནས། དེ་རིང་བཙན་བྱོལ་བོད་མིའི་འཐབ་རྩོད་རྒུད་ཕྱོགས་ཀྱི་ཟུར་ཞིག་མ་གླེང་ཀ་མེད་དུ་གྱུར།

སྤྱི་ལོ ༡༩༥༩ ལོར་ཐོག་མར་བཙན་བྱོལ་དུ་ཡོང་དུས། སྐད་ཡིག་དང་། དཔལ་འབྱོར། རྒྱབ་སྐྱོར་དང་ཉམས་མྱོང་སོགས་ཧ་ཅང་ཞན་ཡང་། དཀའ་སྡུག་ལ་བཟོད་བསྲན་གྱིས་སྙིང་སྟོབས་ཞུམ་པ་མེད་པར། བོད་རང་བཙན་སླར་གསོའི་ལངས་ཕྱོགས་རྒྱུན་འཆང་བྱས་ཏེ། འཐབ་རྩོད་ཀྱི་ཁ་ཕྱོགས་དང་། དགྲ་གཉེན་དབྱེ་མཚམས་གསལ་པོ་བཟུང་ཞིང་། དེ་དང་མཐུན་པའི་སློབ་གསོ་དང་། ལས་དོན་བསྒྲུབས་པས། སྤྱི་ཚོགས་ཧྲིལ་པོ་དང་། ཡང་སྒོས་སྐབས་དེའི་སློབ་ཐོན་སློབ་མ་རྣམས་ལ་རྒྱལ་ཞེན་དང་གཞུང་སེམས། དགྲ་གཉེན་གྱི་ངོས་འཛིན་སོགས། བསམ་སྤྱོད་གཉིས་ཐད་ནས་ཆབ་སྲིད་སྐྱབས་བཅོལ་བ་ཞིག་གི་ངོ་བོ་ལྡན་ཞིང་། འཛིན་རིམ་མཐོ་པོར་སོང་མིན་ལ་མ་ལྟོས་པར། བོད་དབྱིན་གཉིས་ཀའི་གྲུབ་འབྲས་ཀྱང་ཧ་ཅང་བཟང་པོ་བྱུང་ཡོད།

དེ་ལྟའི་མདུན་སྐྱོད་དང་། གྲུབ་འབྲས་སོན་བཞིན་པའི་མུར། རྒྱ་ནག་ཏུ་མའོ་ཡི་དུས་རབས་རྫོགས་ཤིང་། ཏེང་གིས་འགོ་ཁྲིད་འོག་བཅོས་སྒྱུར་སྒོ་འབྱེད་ཀྱི་བརྒྱུད་རིམ་དུ། བོད་རང་བཙན་མ་ཡིན་པའི་གནད་དོན་གང་ལ་ཡང་སྐད་ཆ་བཤད་ཆོག་ཅེས། སྐུ་ཡི་གཅེན་པོ་རྒྱ་ལོ་དོན་གྲུབ་ལ་ཏེང་གིས་ལབ་པ་རེད་ཟེར་བ་ནས། རིམ་པས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཕེབས་གཏོང་དང་འབྲེལ། ག་ལེར་བོད་ཀྱི་རྩ་དོན་ལངས་ཕྱོགས་ཐད། བོད་རང་བཙན་ནས་དབུ་མའི་ལམ་མམ། རང་སྲིད་རང་སྐྱོང་ལ་མར་བབས་པ་དང་། དེ་ཡང་ཐོག་མར་ལམ་ལུགས་ཀྱི་ཆ་ནས་དམངས་གཙོ་སོགས་ཚད་མཐོའི་རང་སྐྱོང་ཟེར་ཡང་། ག་ལེར་དེ་ནས་ཀྱང་མར་བབས་ཏེ། དམངས་གཙོ་མེད་པའི་གཅིག་སྡུད་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་བསྡད་རྒྱུའི་སྐོར་གྱི་ཡིག་ཆ་ནག་པོ་ཞིག་རང་དབང་ལུང་པ་ནས་དགྲ་བོ་རྒྱ་ནག་ལ་སྤྲད་ཟིན་ཞིང་། ཡིག་ཆ་དེའི་ནང་དུ་མ་འོངས་བོད་རྒྱལ་ཁབ་སླར་གསོའི་ཐད་ལ་དེ་སྔོན་བཙན་གནོན་འོག་གི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ལས་ཀྱང་། གནོད་ཚབས་ཆེ་བའི་ཚིགས་དོན་མང་པོ་ཡོད་ཅིང་། གནད་དོན་དེའི་ཐད་བོད་རང་བཙན་སླར་གསོའི་སྤྱི་བཤད་ཀྱི་ས་བཅད་ཅིག་ནང་ལོགས་སུ་བྲིས་ཟིན་ཡོད་པས། མ་འོངས་པར་དཔར་འགྲེམས་བྱ་འཆར་ཡིན།

དེ་ནས་མུ་མཐུད་འཐབ་རྩོད་ཇི་ལྟར་རྒུད་པའི་བྱུང་བ་གླེང་ན། ལོ་རྒྱུས་ཀྱི་བདེན་དཔང་དང་། ཡར་སྐུལ་གྱི་ནུས་པ་གལ་ཆེན་ལྡན་པའི་བཙན་བྱོལ་བོད་གཞུང་གི་མིང་དེ། མུ་མཐུད་གནས་དགོས་པའི་ཞུ་སྐུལ་ཅི་ཙམ་བྱས་མིན་ལ་མ་ལྟོས་པར། སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱི་འགོ་ཁྲིད་འོག གྲོས་ཚོགས་ནང་དུ་བོད་གཞུང་གི་མཚན་བྱང་དེ། བོད་མིའི་སྒྲིག་འཛུགས་ཟེར་བར་བཅོས་ནས། རང་གི་གནས་བབས་རང་གིས་མར་ཕབ་ཡོད་པ་མ་ཟད། འདི་དང་འབྲེལ་བའི་ཐད་ལྷག་བསམ་དཀར་པོས་རང་གཞུང་ལ་ཡར་ཞུ་བྱས་པར། བཀའ་ཉེས་དང་བཀའ་ཆད་ཕོགས་རབས་ཀྱང་གླེང་གི་ཡོད་པས། དེའི་ཐད་རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་ཆོད་དང་། བཀའ་ཟུར་རྣམ་པའི་སྙན་ཞུ། གཞོན་ལྷན་གྱི་སྙན་ཞུ་སོགས་ཀྱི་བརྒྱུད་རིམ།  ལྷག་པར་མིང་བྱང་བརྗེ་པོ་རྒྱག་པའི་བརྒྱུད་རིམ་དུ། འབྲེལ་ཡོད་ཚོས་གནས་ཡུལ་གཞུང་གི་གནོན་ཤུགས་ཀྱིས་ཡིན་པ་ལྟ་བུ་བཤད་ཀྱང་། མིང་བྱང་བརྗེས་ཚར་རྗེས་སྔོན་དང་མི་མཐུན་པའི་རྒྱུ་མཚན་གཞན་དག་བཤད་པ་དང་། དེའི་རྗེས་དེ་དང་འབྲེལ་བའི་མི་སྒེར་ལ་མ་ཉེས་ཁ་གཡོགས་ཀྱིས་དགག་རྒྱག་དང་འཐབ་རྩོད་ཇི་བཏང་སྐོར་དེ། གེ་སར་སྒྲུང་ནང་། སྲས་ཆུང་ཆུང་དགྲ་ལྷ་རྩེ་རྒྱལ་ལ། ཞུ་མི་ཕོད་མི་བྲ་གཉིས་ཙམ་ཡོད། དེའི་ནང་ནས་མི་བྲ་ཤས་ཆེ་ཡིན། ཞེས་པ་ལྟར། དཀར་ས་ནག་འདེད་གསལ་པོར་བྱ་རྒྱུ་ཡོད་ཀྱང། ད་བར་ཅི་ཡང་གླེང་མེད་ཅིང་། མ་འོངས་པར་འདིའི་ཐད་དཀར་ས་ནག་འདེད་ཀྱིས་བརྒྱུད་རིམ་ཞིབ་ཕྲ་ལོ་རྒྱུས་ནང་གསལ་པོར་འགོད་རྒྱུ་ཡིན།

ལས་འགུལ་གྱི་ངོ་བོ་རྒུད་པའི་ཕྱོགས་ནས་ཕྱིར་བལྟས་སློག་ན་ཡང་། ཐོག་མར་བཙན་བྱོལ་ནང་འབྱོར་རྗེས་མི་ལོ་བཅུ་ཕྲག་དུ་མར། འབོད་ཚིགས་ཁག་ཏུ་ཐེ་ཚོམ་མེད་པར་བོད་རང་བཙན་དང་། དགྲ་བོ་རྒྱ་དམར་ཞེས་བསྒྲགས་པ་དང་། དགྲ་བོའི་དར་དམར་དང་། དགྲ་བོའི་དཔོན་རིགས་ཀྱི་གཟུགས་བརྙན་མེར་སྲེག་བཏང་བ་བཅས་ནི། རླབས་ཆེན་གྱི་ལས་འགུལ་དུ་ངོས་བཟུང་སྟེ། རྒྱུན་འཆང་བྱས་ཡོད་ཀྱང་། རིམ་པས་མི་དམངས་སྒེར་ལངས་ཉིན་མོར་མི་དམངས་ལངས་གླུ་གཏང་མི་ཆོག་པ་དང། བོད་རང་བཙན་གྱི་སྐད་འབོད་མི་བྱ་རྒྱུའི་གཏན་འབེབས་དང་རྩོད་གླེང་བྱས་ཏེ། དབུ་མ་དང་རང་བཙན་བར་རྩོད་གླེང་ཆེ་རུ་བཏང་བ་ནས། ད་ལྟའི་ཆར་དགྲ་བོ་རྒྱ་དམར་ཟེར་ནས་སྐད་འབོད་བྱེད་མཁན་དང་། དགྲ་བོའི་དར་དམར་མེ་ལ་སྲེག་མཁན། བོད་རང་བཙན་གྱི་སྐད་འབོད་བྱེད་མཁན་རྣམས་ནི། རྒྱ་ནག་ལ་ཕོག་ཐུག་གཏོང་བའི་ཉེས་ཅན་པ་དང་། བླ་མ་ལ་དད་པ་མེད་པའི་དམ་ཉམས་སུ་བསྒྲགས་དང་སྒྲོག་གིན་ཡོད།

ལས་འགུལ་གྱི་དགོས་འདུན་ལ་མཚོན་ན་ཡང་། ཐོག་མར་དགྲ་བོའི་བཙན་འཛུལ་དང་། རྒྱ་མི་བོད་ནས་ཕྱིར་འཐེན་དགོས་པ་དང་། བོད་རང་བཙན་སླར་གསོ་དགོས་པ་བཅས་ནས་མར་བབས་ཏེ། འགྲོ་བ་མིའི་ཐོབ་ཐང་བྱེ་བྲག་པ་ཙམ་དང་། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་ལུགས་སྡོད་སྟངས་ཙམ་གྱི་གནས་བབས་ལ་མར་བབས་ཡོད་ཀྱང་། དགྲ་བོའི་ངོས་ནས་བོད་ནང་དམ་དྲག་ཇེ་ཆེར་བཏང་བ་ལས། ང་ཚོས་བློས་བཏང་དང་གུ་བཤང་བྱས་པ་ལ་བཟང་ཕྱོགས་ཀྱི་བརྡ་ལན་ཅི་ཡང་རག་མེད་པ་ཡང་ལོ་རྒྱུས་དངོས་ཡིན། ཡང་ད་ལྟ་འཐབ་རྩོད་ཀྱི་ངོ་བོ་མཚོན་ཞིང་། འགན་འཁུར་ལ་དྲན་སྐུལ་གྱི་ནུས་པ་ལྡན་པའི་བཙན་བྱོལ་བོད་མི་ཞེས་པ་དེ་ཉིད། གློ་བུར་དུ་བཅོས་ནས་ཕྱི་སྡོད་བོད་མི་ཟེར་འགྱུར་བ་བཏང་འདུག བོད་ལས་ངན། ཁ་ཕྱོགས་འདི་ལྟར་འཁྲིད། འདི་ལྟར་གོམ་པོ་རེ་རེ་བཞིན་རང་གི་གནས་བབ་དང་། རང་གི་ངོ་བོ་སོ་སོས་ཇེ་དམའ་ཇེ་ཞན་དུ་བཏང་ན། འཐབ་རྩོད་ཇི་ལྟར་གསོན་པོར་གནས་ཐུབ་ཀྱི་རེད་དམ།

འདི་ལྟར་གོམ་པ་རེ་རེ་བཞིན་དུ་མགོ་འདོགས་ཀྱི་བྱ་བ་སྟེ། དགྲ་བོ་རྒྱ་ནག་ལ་དགོས་པ་ཁོ་ན་བྱ་འདོད་ན། ཁ་ནས་འཐབ་རྩོད་མ་གླེང་བར། ཐད་ཀར་ཁ་སངས་ནས་མགོ་འདོགས་རྒྱུ་ཡིན་ཟེར་ལབ་ཕོད་དགོས། དེ་མིན་འཐབ་རྩོད་ཡོད་མདོག་བྱེད་ནས་བོད་ནང་ལ་ཡིད་ཆེས་དང་རེ་བ་ཞིག་སྦྱིན། ཡིད་ཆེས་དང་རེ་བ་དེའི་དོན་དུ་མང་པོ་ཞིག་གིས་བློས་གཏོང་བྱེད་ཀྱི་ཡོད་པས། གཞན་གྱི་སེམས་པ་དང་ཚེ་སྲོག་ལ་རྩེད་མོ་མ་བརྩི་ན་ལེགས།

མདོར་ན། དགྲ་བོ་རྒྱ་ནག་ལ་འཐབ་རྩོད་བྱེད་ཀྱི་ཡིན་ནམ། ཡང་ན་རྒྱ་ནག་ལ་མགོ་འདོགས་རྒྱུ་ཡིན། དེ་གཉིས་ཀྱི་ལན་དང་དབྱེ་མཚམས་དེ་ཉིད། ང་ཚོའི་གཞུང་དང་དབུ་འཁྲིད་ཀྱིས་བོད་མི་དམངས་སྤྱི་དང་། ལྷག་པར་གཞིས་ལུས་མི་མང་ལ་ངེས་པར་གསལ་པོ་བཟོ་དགོས་པའི་དུས་ལ་སླེབས་ཡོད།  རྒྱ་ནག་ལ་འཐབ་རྩོད་མི་བྱེད་པར། འདི་ལྟར་རྒྱ་ནག་ལ་དགོས་པ་ཁོ་ན་བྱེེད་རྒྱུ་ཡིན་ན། འཐབ་རྩོད་མ་གླེང་བར། ཐད་ཀར་མགོ་འདོགས་རྒྱུ་ཡིན་ཟེར་བཤད་ཕོད་དགོས།

གལ་སྲིད། ཁ་ནས་འཐབ་རྩོད་གླེང་བ་ལྟར་འཐབ་རྩོད་བྱ་འདོད་ན། འདི་ལྟར་དགྲ་བོ་རྒྱ་ནག་ལ་བསྟུན་མཁས་ཀྱི་མགོ་བདེ་བརླག་འཚོང་མིན་པར། དགྲ་གཉེན་གྱི་དབྱེ་བ་དང་ས་མཚམས་གསལ་པོ་ཞིག་དགོས་ལ། དེ་བས་ཀྱང་ལོ་རྒྱུས་ཀྱི་གནད་འགག་དང་རིན་ཐང་ལྡན་པའི་ཚིག་དོན་རེ་རེ་ཡིན་ཡང་རྩ་འཛིན་གཅེས་སྲུང་དགོས་པ་ལས། འདི་ལྟར་ནག་གསུབ་དང་སྒྱུར་བཅོས་བྱས་ན་གཏན་ནས་མི་འགྲིག་པས། བཙན་བྱོལ་བོད་མི་ཞེས་རིན་ཐང་ལྡན་པའི་ཚིགས་དེ། ཕྱི་སྡོད་བོད་མི་ཟེར་འགྱུར་བ་བཏང་བ་དེར། ངོས་ལེན་གཏན་ནས་བྱ་རྒྱུ་མིན་ཞེས་གསལ་པོར་བརྗོད་རྒྱུ་ཡིན་ཞིང་། འགྱུར་བ་ཆེན་པོ་འདི་འདྲ་ཞིག་གཏང་འཆར་ཡོད་ན། མ་མཐའ་ཡང་བོད་མི་མང་ལ་གོ་བསྡུར་ཞིག་དགོས་ངེས་ཡིན།

བཙན་བྱོལ་གཞུང་གི་བཅའ་ཁྲིམས་ཀྱི་འགོ་བརྗོད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་དང་། ལེའུ་གསུམ་པ། སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན། དོན་ཚན་བཅོ་ལྔ་པ། བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས། ཞེས་དང་། དེའི་དོན་ཚན་བཅུ་དྲུག་པ། སྤྱི་ཚོགས་བདེ་དོན། ༡། བཙན་བྱོལ་བོད་མིའི་ཕན་བདེ་སྒྲུབ་ཆེད་འཚོ་བའི་མཐུན་རྐྱེན་སྦྱོར་ཐབས་དང་། ཞེས་པ་སོགས། བཅའ་ཁྲིམས་ཀྱི་འགོ་བརྗོད་དང་ནང་གསེས་སྡེ་ཚན་དུ་མར་བཙན་བྱོལ་བོད་མི་ཞེས་ཁ་གསལ་པོ་ཡོད་པས། དེ་ལྟར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་བཅའ་ཁྲིམས་ཀྱི་ཚིག་དོན་བཙན་བྱོལ་བོད་མི་ཞེས་པ་དེ་ཉིད། དབུ་ཁྲིད་དང་འཛིན་སྐྱོང་གིས་ཐད་ཀར་བཟོ་བཅོས་ཆོག་པ་ཞིག་མིན་པར། བཅའ་ཁྲིམས་ཀྱི་འབྲུ་དོན་གང་ཞིག་སྒྱུར་བཅོས་དགོས་ན། ཁྲིམས་བཟོ་ལྷན་ཚོགས་ནས་གོ་སྡུར་གྱིས་ཉུང་མཐར་ཡང་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཐོག་ནས་སྒྱུར་བཅོས་གཏང་དགོས་པ་ལས། མང་མོས་ཙམ་གྱིས་ཀྱང་འགྱུར་བ་གཏང་ཐུབ་ཀྱི་མེད་པས། ལམ་ལུགས་དེ་ཡང་མ་བརྒྱུད་པར་ཚིག་དོན་འདི་ལྟར་བཅོས་པ་ནི། ཁྲིམས་འགལ་ཁོ་ན་ཡིན།

དེ་སྔོན་བཀའ་བློན་ཁྲི་པ་སྲིད་སྐྱོང་དུ་བསྒྱུར་བ་ལྟར། དེ་རིང་བཙན་བྱོལ་བོད་མི་ཞེས་པ་འདི་ཡང་ཇི་ལྟར་བཟོ་བཅོས་བཏང་བ་ཁ་གསལ་མེད་པར། བསམ་བཏང་དྲན་སྐྱེན་ལྟ་བུས་གློ་བུར་དུ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཚིགས་དོན་གལ་ཆེན་རིགས་ལ་འགྱུར་བ་འདི་ལྟར་བཏང་བསྡད་ན། ང་ཚོའི་རྩ་འཛིན་དང་། རྩ་དོན་དེ་འཇུ་ས་འཆང་ས་ཡོད་པ་ཞིག་ཏུ་གསོན་གནས་ཐུབ་ཀྱི་རེད་དམ་མ་རེད།

འདི་ལྟར་མི་བྱེ་བྲག་པའི་སྒེར་འདོད་སྒེར་བཙན་ཁོ་ན་སྟེ། མདོར་ན་གང་ཟག་གིས་དབང་སྒྱུར་ལས། ཁྲིམས་ཀྱིས་དབང་སྒྱུར་མེད་པའི་ངན་ལམ་ངན་གོམས་ཐོག་མུ་མཐུད་བསྐྱོད་ཚེ། སྒ་ལ་རུང་ཡང་རྟ་ལ་མི་རུང་ཟེར་བའི་དཔེ་ལྟར། གནས་སྐབས་མི་བྱེ་བྲག་པའི་དུས་རིང་དེ་རྣ་བ་འཇམ་པོས་རང་གི་ལངས་ཕྱོགས་སྐམ་པོ་དེ་ཁུངས་འཁྱོལ་ཙམ་ཞིག་ལས། མཐར་བོད་སྤྱིའི་རྩ་དོན་དེ་ག་ལེར་བལྟ་སོ་འདི་སོ་མེད་པ་ཞིག་ཏུ་བཟོ་ཉེན་ཆེ།

སྤྱི་ལོ་༢༠༠༢ ནས་ད་བར་གྱི་ལོ་ངོ་དེ་དག་རིང་ང་ཚོའི་མཐོ་ས་ཆེ་ས་ཚོས་འཐབ་རྩོད་ཀྱི་ཁ་ཕྱོགས་འཁྲིད་སྟངས་ནི། དགྲ་བོ་རྒྱ་ལ་དགོས་པ་རྐྱང་རྐྱང་བྱས་ཡོད་པ་ནི། ལོ་ངོ་དེ་དག་རིང་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་འཁྲིད་སྟངས་ལ་དཔྱད་ན་གསལ་པོ་མཐོང་རྒྱུ་ཡོད། ངོ་མ་ཁྱེད་ཚོས་བོད་དོན་འཐབ་རྩོད་ཀྱི་རྒྱབ་མདུན་དང་། བོད་མི་དམངས་ཀྱི་གོ་རྟོགས་ལ་མཐོང་ཆུང་ཁྱད་གསོད་ཧ་ཅང་མང་དྲགས་སོང་། རྒྱ་ནག་གི་བཙན་འཛུལ་ཙམ་མིན་པར། བྱེད་ཕྱོགས་དེ་དག་ལ་བསམས་དུས། བོད་འདི་ཧ་ཅང་ལས་ངན་ཞིག་ཡིན་པའི་སེམས་ཚོར་ཡང་ཡང་ཡོང་གི་འདུག་ཅིང་། ད་བར་ང་ཚོ་ཧ་ཅང་གི་བསྐལ་པ་བཟང་པོ་དང་། ཁྱད་པར་བ་ཞིག་ཡིན་ཚུལ་སྒྲོག་པ་དེ། རང་གིས་རང་ལ་མགོ་སྐོར་ཡིན་པའི་ཚོར་སྣང་དེ་ཡང་ཁྱེད་ཚོས་བཙན་གྱིས་ར་སྤྲོད་བྱས་བྱུང་།

དེ་ལྟར་བོད་མི་དམངས་དང་བོད་ཀྱི་འཐབ་རྩོད་དེ་མི་རེ་ཟུང་གིས་གང་དུ་འཁྲིད་འཁྲིད་དང་། ག་རེ་འགྲེལ་འགྲེལ་བྱས་ཏེ། མི་དགོས་པའི་དགྲ་བོ་རྒྱ་ལ་གུ་ཡངས་མཛའ་སེམས་དང་། དགོས་པའི་བོད་པ་ནང་ཁུལ་དུ་ཆིག་སྒྲིལ་གྱི་སྣེ་ཁྲིད་མེད་པར། ཚོགས་པ་དང་། མི་སྒེར་བཅས་རེ་རེ་བཞིན་དབྱེ་འབྱེད་དང་དུམ་བུ། འགོག་གནོན་དང་། སེམས་ཕམ་ཅི་ཙམ་བཟོས་ཡོད་པ་དག་རེ་རེ་བཞིན། མ་མཐའ་ཡང་ཡིག་ཐོག་ལ་རྩིས་གསལ་པོ་ཞིག་མ་བརྒྱབ་ན། ངན་པ་གཉའ་རེངས་ཏེ། སྤྱིའི་རྩ་དོན་དང་། སྒེར་གྱི་བློས་གཏོང་། ལོ་རྒྱུས་ཀྱི་བདེན་དཔང་རེ་རེ་བཞིན་མེད་པ་བཟོ་ཉེན་ཆེ།

སྒེར་ལ་ཉེས་མེད་ཉེས་འཛུགས་བྱས་པ་འཁུར་ཐུབ་པའི་དབང་དུ་བཏང་རུང་། མུ་མཐུད་འདི་ལྟར་འཐབ་རྩོད་ཀྱི་ངོ་བོ་དང་། ལོ་རྒྱུས་ཀྱི་བདེན་དཔང་འཕེར་བའི་ཚིག་དོན་རེ་རེ་ནས་སྒྱུར་བཅོས་ཀྱིས་དགྲ་བོའི་དགོས་མཁོ་སྐོང་དུས། ང་ཚོ་མི་དམངས་ཀྱིས་ངོས་ནས་ད་དུང་ཡང་ཤེས་མ་སོང་མདོག་མདོག་གིས་ཁ་བཙུམ་ནས་བསྡད་ན། དགེ་བསྐོས་ཆོ་བཟང་ན། དགོན་པའི་སྒྲིག་ལད། ཟེར་བའི་དཔེ་ལྟར། བོད་སྤྱིའི་རྩ་དོན་དེ་རྐང་རྗེས་ལག་གསུབ་ཀྱིས་ག་ལེར་མཛུབ་མོ་འཛུགས་ས་མེད་པ་ཞིག་ཏུ་བཟོ་ཉེན་ཆེ་བས། དེ་རིང་གི་གནད་དོན་འདི་ཉིད། གཞུང་སེམས་དཀར་པོས་ཐད་ཀར་གླེང་བ་ཡིན་པས། འདི་ལ་ཉེས་འཛུགས་ཅི་ཞིག་བྱུང་ཡང་རྩ་དོན་ཁོ་ནའི་དོན་དུ་ཡིན་པས། སྐེ་བྲེགས་ཀྱང་རྐན་ཕུགས་འོ་མ་ཞེས་པའི་དཔེ་ལྟར། གནོངས་འགྱོད་ཏན་ནས་མེད་པ་མ་ཟད། བཙན་བྱོལ་ནང་དུ་ཆེན་པོ་མཐོན་པོ་ཡིན་ཟེར་མཁན་ཚོས་རིམ་བཞིན་འཐབ་རྩོད་ཇི་ལྟར་ཉམས་རྒུད་བཏང་བ་དང་། བོད་རང་བཙན་གྱི་སེམས་འདུན་ཅན་ཚོའི་ཁྱིམ་ཚང་དང་། མི་ཚེར་མ་ཉེས་ཁ་གཡོགས་ཀྱི་མནར་གཅོད་ཇི་ལྟར་བཏང་བ་དག་ཀྱང་ཟིན་བྲིས་འགོད་བཞིན་ཡོད་པས། མ་འོངས་པར་ག་ལེར་དཔར་སྐྲུན་བྱས་ཏེ། ལོ་རྒྱུས་ནང་བདེན་དོན་གསལ་པོར་གནས་པ་བྱ་ངེས་ཡིན། འདི་ནི་ཁྱེད་ཚོས་འཐབ་རྩོད་ཉམས་གུད་དང་། ང་ཚོ་མཐའ་འབུད་བཏང་དྲགས་པའི་འབྲས་བུ་ཡིན་པས། རང་གིས་བཙོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་བཏུང་དགོས་པ་ཡང་། བདེན་པའི་ནུས་སྟོབས་དང་། རྒྱུ་འབྲས་ཀྱི་གོ་རིམ་ཡིན།

དེ་རིང་གི་གླེང་གཞི་གཙོ་བོ། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་དང་འབྲེལ། བཙན་བྱོལ་བོད་མི་ཞེས་པ་དེ་ཕྱི་སྡོད་བོད་མི་ཟེར་བར་བཅོས་པ་དེའི་སྐོར་གླེང་ན།

དེ་སྔོན་བོད་གཞུང་གིས་སྤྱི་ལོ་ ༡༩༩༨ ནང་ལ་མི་འབོར་ཞིབ་བཤེར་ཐེངས་དང་པོ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ (ལོ་དེར་ལག་བསྟར་མ་ཐུབ་པར། ༢༠༠༩ ལོར་དངོས་སུ་རྩི་བཤེར་བྱས།) ལ་ཐེངས་གཉིས་པ་དེ་བྱས་འདུག དེ་གཉིས་ཀའི་སྐབས་སུ་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཞེས་འཁོད་པ་ལས། ཕྱི་སྡོད་བོད་མི་ཟེར་བ་བྲིས་མི་འདུག་པས། དེ་རིང་ཕྱི་སྡོད་བོད་མི་ཟེར་བ་བྲིས་པ་དེ་སྣང་མེད་ཀྱིས་བྲིས་ནོར་ཤོར་བ་ཡིན་ནམ་སྙམ་ནས། དེའི་ཐད་དཔྱད་པ་བྱེད་དུས། ཕྱི་སྡོད་བོད་མི་ཟེར་བ་དེ་རྒྱ་བལ་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་ཁག་དུ་སྡོད་མཁན་རྣམས་ལ་གོ་ཚུལ་གསུངས་པ་མ་ཟད། ཕྱི་སྡོད་བོད་མི་ཚོ་བཙན་བྱོལ་བོད་མི་མ་རེད་ཟེར་བ་ལྟ་བུ་ཞིག་ཀྱང་འབྲེལ་ཡོད་ནས་བརྒྱུད་ལམ་ཁག་ཏུ་གསུངས་འདུག་པས། སྣང་མེད་ཀྱིས་བྲིས་ནོར་ཤོར་བ་ཞིག་མིན་པ་གསལ་པོ་ཡིན་པ་དང་། ལྷག་པར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཞུང་གིས་བཀོད་ཁྱབ་གཏོང་དུས། མི་འབོར་ཞིབ་བཤེར་འགེངས་ཤོག་གི་སྒྲོམ་གཞི་ལ་འགྱུར་བ་རྩ་བ་ནས་གཏང་མི་ཆོག་པ་ནན་བརྗོད་གནང་ཚུལ་ཡང་གོ་རྒྱུ་འདུག

འོ་ན། ད་ནས་བཟུང་བོད་གཞུང་གིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པ་རྣམས་བཙན་བྱོལ་བོད་མི་མ་རེད་ཟེར་གྱི་ཡོད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་མ་ཡིན་པ་ཆགས་ཟིན་པ་རེད་གསུངས་ཀྱི་ཡོད་དམ། དེ་ལྟར་ན་མ་འོངས་པར་བཀའ་སྤྱིའི་འོས་བསྡུའི་ལས་རིམ་དང་། དང་བླངས་དཔྱ་དངུལ་བསྡུ་འབུལ་དེ་ཆ་རྐྱེན་གང་གི་འོག་ནས་བྱ་དགོས་སམ།

དོན་དངོས་ཐོག བཙན་བྱོལ་བོད་པ་རྣམས་ཤར་ནུབ་རྒྱལ་ཁབ་གང་གི་མི་སེར་ཆགས་ཀྱང་། རྒྱ་ནག་གིས་བོད་དུ་བཙན་འཛུལ་བཙན་གནོན་བྱས་པ་ལ་བརྟེན་ནས། རང་གི་རྒྱལ་ཁབ་ཤོར་ཞིང་། ཡུལ་གཞན་དང་གཞན་དུ་ཡོང་དགོས་གྱུར་པ་དང་། དེ་ལ་བརྟེན་ནས་རང་གི་མེས་རྒྱལ་སླར་གསོའི་འགན་འཁྲི་ཡོད་པའི་བོད་མི་ཡིན་པ་ནི། ང་ཚོ་ཐུན་མོང་གི་ལོ་རྒྱུས་དང་ངོ་བོ་ཡིན། བཙན་བྱོལ་བོད་མི་ཞེས་པ་དེ་ཕྱི་སྡོད་བོད་མིར་བཅོས་པ་དེ་ལ་ག་རེ་བྱས་ནས་འདི་ལྟར་བློ་ཕམ་དང་། འཁང་ར་བྱེད་ཀྱི་ཡོད་དམ་ཟེར་ན། སྤྱིར་སྲིད་གཞུང་ཞིག་གི་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བའི་ཐ་སྙད་ནི། ཕྱི་སྲིད་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་ཅིང་། དེ་རིང་གི་འགྱུར་བ་དེ་ནི་དགྲ་བོ་རྒྱ་ནག་གི་དགོས་འདུན་ང་ཚོ་རང་ཉིད་ཀྱིས་སྒྲུབ་པ་དང་། ང་ཚོས་ང་ཚོ་ནག་གསུབ་གཏོང་བ་ཆགས་ཀྱི་ཡོད་པས། དོན་འདིར་བློ་ཕམ་དང་འཁང་ར་སྒྲོག་གི་ཡོད།

རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ཕྱི་སྡོད་བོད་མི་ཟེར་འབོད་ཀྱི་ཡོད་པ་དང་། དེ་ལ་རྒྱུ་མཚན་ཆེན་པོ་གཉིས་ཡོད། དང་པོ་དེ། རྒྱལ་སྤྱིའི་ཐོག་ཏུ་ཁོང་ཚོས་བོད་དུ་བཙན་འཛུལ་བཙན་བཟུང་དང་། འཛིན་བཟུང་དམར་གསོད་བྱས་པས། བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་གྱུར་པའི་ནག་ཉེས་དེ་སྦས་འགེབས་ཆེད་ཡིན་པ་དང་། གཉིས་པ་དེ་བཙན་བྱོལ་བོད་མི་ཞེས་འབོད་དུས། བོད་པ་རང་ཉིད་ལ་ཡང་སོ་སོ་རྒྱལ་ཁབ་ཤོར་ནས་བཙན་འཛུལ་དུ་ཡོང་དགོས་གྱུར་པའི་རྒྱ་བོད་བར་གྱི་ཤ་འཁོན་དང་། དེ་དང་འབྲེལ་བའི་འགན་འཁྲི་ཞིག་ཡོད་པའི་དྲན་སྐུལ་གཏོང་གི་ཡོད་ཅིང་། བོད་པ་ནང་ཁུལ་དུ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་དང་། བཙན་བྱོལ་བོད་གཞུང་ལ་དང་བླངས་དཔྱ་དངུལ་འབུལ་དགོས་ཟེར་ནས་སྐུལ་སློང་བྱེད་དུས་ཀྱང་། ང་ཚོ་བཙན་བྱོལ་བ་ཡིན་པའི་རྒྱུ་མཚན་བཤད་ནས་ཕན་ཚུན་སྐུལ་ལྕགས་གཏོང་གི་ཡོད།

དེར་བརྟེན། རྒྱལ་སྤྱིའི་ཐོག་རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱེད་པའི་ནག་ཉེས་དེ་སྦས་འགེབ་ཆེད་དང་། བཙན་བྱོལ་བོད་མི་རེ་རེའི་སེམས་ནས་ག་ལེར་བཙན་བྱོལ་བ་ཡིན་པའི་ཤ་འཁོན་དང་འགན་འཁྲི་དེ་བརྗེད་དུ་བཅུག་ཆེད། རྒྱ་ནག་གིས་བཙན་བྱོལ་བོད་མི་ཞེས་མི་འབོད་པར། ཕྱི་སྡོད་བོད་མི་ཟེར་བ་འབོད་ཀྱི་ཡོད། དཔེར་ན་ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བའི་ཐོག སྤྱི་ལོ ༢༠༡༦།༣།༡༠ ཉིན་འཁོད་པའི་གནས་ཚུལ་ནང་། “བདེ་ཆེན་ཁུལ་གྱིས་ཕྱི་སྡོད་བོད་མི་རྒྱལ་ནང་དུ་གཉེན་ཉེར་ཐུག་འཕྲད་དུ་ཡོང་བའི་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།” ཞེས་པའི་འགོ་བརྗོད་འཁོད་པའི་གསར་འགྱུར་ཚིགས་ཁ་ཤས་དེའི་ནང་དུ། ཕྱི་སྡོད་བོད་མི་ཟེར་བ་ཐེངས་དྲུག་ལ་བཀོལ་འདུག རྒྱ་ནག་གིས་འདི་ལྟར་བཙན་བྱོལ་བོད་མི་ཞེས་པའི་ཚིགས་དེ་ངོས་ལེན་མི་བྱེད་པར། ཡང་ཡང་ཕྱི་སྡོད་བོད་མི་ཟེར་བཀོལ་གྱི་ཡོད་པ་དང་། དེ་བཞིན་བོད་ནང་དུ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འོག ཆེད་མངགས་བོད་རང་སྐྱོང་ལྗོངས་ཕྱི་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་ཟེར་བ་སོགས་ཀྱང་བཙུགས་ཡོད། མདོར་ན། བཙན་བྱོལ་བོད་མི་ཞེས་པའི་ངོ་བོའམ་རྒྱབ་ལྗོངས་དེ། རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་པ་ལ་བརྟེན་ནས། བོད་མི་རྣམས་བཙན་བྱོལ་དུ་ཡོང་བའི་ངོ་བོ་དེ་སྦས་འགེབས་བྱས་ཏེ། བོད་མི་རྣམས་མི་རིགས་གཞན་དང་འདྲ་བར། རང་དབང་རང་མོས་ཀྱིས་ཕྱིའི་རྒྱལ་ཁབ་ཏུ་གནས་སྡོད་བྱས་པ་དང་ངོ་བོ་གཅིག་པའི་རྣམ་པ་སྟོན་ཐབས་བྱེད་ཀྱི་ཡོད།

ང་ཚོས་དེ་རིང་ཕྱི་སྡོད་བོད་མི་ཟེར་འབོད་པ་ནི། རྒྱ་ནག་གིས་བོད་རྒྱའི་འཐབ་རྩོད་ཀྱི་གནས་བབ་སྦས་འགེབས་ཀྱི་གཡོ་ཇུས་ལ། ང་ཚོས་རོགས་རམས་དང་། དང་ལེན་བྱས་པ་ལྟ་བུ་ཆགས་ཡོད་པས། འགྱུར་བ་འདི་ནམ་ཡང་ངོས་ལེན་ཐུབས་ཐབས་མེད་ཅིང་། སྤྱི་ཟླ་གསུམ་པའི་གྲོས་ཚོགས་ནང་ངེས་པར་འདིའི་ཐད་བཀའ་ཤག་ལ་གྲོས་ཚོགས་འཐུས་མི་ཚོས་དྲི་བ་དང་། བགྲོ་གླེང་བརྒྱུད་དེ། འགྱུར་བ་འདི་ཉིད་གྲོས་ཚོགས་ཀྱིས་བཀག་སྟེ། ངེས་པར་རྩ་དོན་འཐབ་རྩོད་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་སྐྱོབ་དགོས་པ་ནི། གྲོས་ཚོགས་འཐུས་མི་ཚོའི་འདོར་དུ་མེད་པའི་འཐབ་རྩོད་ཀྱི་ལས་འགན་དང་། བཟང་སྤྱོད་ཀྱི་འགན་འཁྲི་ཡིན།

ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་མིན་པར། བོད་རང་བཙན་ཡོད་པའི་གནས་བབ་ཐོག་ནས་ཕྱི་རྒྱལ་དུ་བསྡད་ཡོད་ན། ཕྱི་སྡོད་བོད་མི་ཞེས་ལབ་ན་འགྲིག་གི་ཡོད། དཔེར་ན། རྒྱ་གར་གྱི་མི་སེར་ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་དག་ལ་ A Non-Resident Indian ཞེས་འབོད་པ་དང་དེའི་བསྡུས་མིང་དུ་(NRI) ཞེས་འཁོད་ཡོད། སྤྱི་ཡོངས་རང་བཙན་ཡོད་པའི་རྒྱལ་ཁབ་ཚོའི་མི་སེར་ཕྱིའི་རྒྱལ་ཁབ་ཏུ་སྡོད་པ་དག་ལ་ཕྱི་སྡོད་རང་མི་ཞེས་འབོད་ཀྱི་ཡོད་པ་དང་། དབྱིན་སྐད་དུ་དེ་ལ་ living abroad འམ། ཡང་ན citizens of own country ཞེས་འབོད་ཀྱི་ཡོད། དེ་ནི་ཆབ་སྲིད་སྐྱབས་བཅོལ་བའི་ངོ་བོ་མཚོན་གྱི་མེད་པར། དེའི་ཁྱབ་ཁོངས་དང་འགྲེལ་བཤད་དུ། རྒྱལ་ཁབ་གང་དེའི་མི་སེར་གྱི་ལག་འཁྱེར་ཡོད་པ་དག་ལས་ཀ་དང་། སློབ་སྦྱོང་སོགས་ཀྱི་དོན་དུ་ཟླ་བ་དྲུག་གམ་དེ་ལས་དུས་ཡུན་རིང་བར། རྒྱལ་ཁབ་གཞན་དུ་གནས་སྐབས་གནས་སྡོད་བྱེད་མཁན་དག་ལ་གོ་ཡི་ཡོད། འོ་ན་ང་ཚོ་ཡང་དེ་དག་དང་ངོ་བོ་གཅིག་པ་རེད་དམ། འོ་ན་ད་ནས་བཟུང་སྟེ་ང་ཚོ་ལ་བཙན་བྱོལ་བོད་མིའི་འགན་འཁྲི་དེ་ཡོད་མ་རེད་དམ།

བཙན་བྱོལ་བོད་མི་ཞེས་པ་དེས་རྒྱ་ནག་ལ་ངོ་ཚ་དང་དོ་ཕོགས་བཟོ་ཡི་ཡོད་པས། ད་ནས་བཟུང་སྟེ་བཙན་བྱོལ་བོད་མི་ཞེས་པ་བེད་སྤྱོད་མི་བྱེད་ཟེར་ནས་ཁས་ལེན་བྱས་ཚར་བ་ཡིན་ནམ། དེ་རིང་ནས་བཟུང་སྟེ་ང་ཚོ་བཙན་བྱོལ་བ་མིན་ཟེར་རྒྱུ་ཡིན་ནམ།

རྒྱ་གར་དུ་ཡོད་པའི་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་དེབ་བབ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་སྤྲོད་ཀྱི་ཡོད་པ་དེ་བཙན་བྱོལ་བོད་མིའི་གནས་བབ་ཐོག་ནས་རེད་དམ། ཡང་ན་ཕྱི་སྡོད་བོད་མིའི་ཐོག་ནས་རེད། དེ་རིང་གི་འགྱུར་བ་འདི་རྒྱ་གར་གཞུང་གིས་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་སྤྲོད་ལེན་གྱི་གནས་བབ་དང་མཐུན་གྱི་རེད་དམ། དེ་དང་འབྲེལ། འགྱུར་བ་འདི་ལ་རྒྱ་གར་གཞུང་གིས་ལྟ་སྟངས་ཅི་ཞིག་ཡོང་ངམ།

ལྷག་པར་ཧ་ཅང་གི་ཉེན་ཚབས་ཆེ་བ་ཞིག་ལ། དེ་རིང་གི་འགྱུར་བ་འདིས་བཙན་བྱོལ་བོད་མིའི་ཐོབ་ཐང་ཡང་ལེན་ཞིང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་ཁེ་ཕན་ཡང་ལེན་པའི་བོད་མི་ཁག་ཅིག་ལ་དགྲ་བོ་དང་ངན་འབྲེལ་བྱེད་པའི་ལམ་ཁ་དེ་ད་དུང་ཡང་རྒྱ་ཆེ་རུ་དང་གུ་ཡངས་སུ་བཏང་བ་མ་རེད་དམ།

གང་ལགས་ཞེ་ན། གོང་གསལ་བཙན་བྱོལ་བོད་གཞུང་གི་བོད་དོན་འཐབ་རྩོད་ཀྱི་སྲིད་ཇུས་བཟུང་སྟེ། རྒྱ་ནག་ལ་བསྟུན་མཁས་ཁོ་ན་བྱེད་པའི་འགྱུར་བའི་བརྒྱུད་རིམ་དུ། བཙན་བྱོལ་ནང་ནས་བོད་དུ་ཕྱིར་ལོགས་བྱེད་མཁན་མང་དུ་སོང་བ་མ་ཟད། བཙན་བྱོལ་ནང་ནས་སྒེར་ཕན་རིང་ལུགས་པ་ཁག་ཅིག་མིང་སྣ་ཚོགས་ཀྱི་འོག་ནས་བོད་དང་རྒྱ་ནག་ཏུ་སྐོར་སྐྱོད་དང་། གཏན་སྡོད་བྱ་བར་ཕྱིར་ལོགས་ཀྱིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་སྐུ་མགྲོན་དུ་གྱུར་ཡོད་ཅིང་། བོད་ཀྱི་དུས་བབས་ཐོག་སྤྱི་ལོ ༢༠༡༨།༡༢།༡༩ ཉིན་འཁོད་པ་ལྟར་ན། དེ་སྔོན་བོད་ནང་འགྲོ་བར་ཡིག་ཆ་སྤྲོད་ཀྱི་མེད་ན་ཡང་། སྤྱི་ལོ་ ༢༠༡༡ ལོ་ནས་ལྡི་ལི་གཞུང་ཚབ་ཁང་བརྒྱུད་བོད་ནང་ལོ་ ༢ རིང་སྡོད་ཆོག་པའི་(Travel Document) ཟེར་བའི་ཡིག་ཆ་ཞིག་སྤྲོད་མགོ་བརྩམས་ཏེ། བོད་ཀྱི་ས་གནས་ཆེ་ཁག་ཏུ་བོད་མི་ཕྱིར་ལོག་བྱེད་མཁན་ལ་སྣེ་ལེན་ཁང་གསར་རྒྱག་གིས་ལས་བྱེད་བསྐོ་བཞག་བྱས་པ་དང། སྤྱི་ལོ ༢༠༡༨ ཕྱི་ཟླ་ ༡༡ ནང་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཕྱི་སྡོད་བོད་མིའི་ལས་དོན་གཞུང་ལས་ཁང་ཟེར་བ་སོགས་ཀྱི་ལས་ཁུངས་སྒོ་འབྱེད་བྱས་སྐོར་དང་། ད་དུང་དེར་འཁོད་པ་ལྟར་ན། སྤྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་ཀྲུང་གོ་བོད་རིག་པའི་དུས་དེབ་ཟེར་བའི་སྟེང་ལིའུ་པིང་ནས་རྩོམ་ཡིག་ཅིག་སྤེལ་བའི་ནང་། “གོ་སྐབས་འཚམ་པོ་བྱུང་དུས་སེམས་ཐག་གཙང་བཅད་ཀྱིས་ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་ལ་སེམས་ཕྱོགས་ཐབས་བྱེད་དགོས་སྐོར་དང་། དུས་རབས་ ༢༠ པའི་ལོ་རབས་ ༨༠ ནས་བཟུང་ཕྱི་ལ་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང། ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང། ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་གྱི་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་ཞན་དུ་གཏོང་དགོས། འགལ་ཟླ་བེད་སྤྱོད་བྱས་ཏེ་ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་ཚོའི་ལས་དོན་གྱི་རིམ་པ་ཁག་གི་ནང་ཁྱབ་དགོས་”ཟེར་བྲིས་ཡོད་འདུག

ལོ་ཤས་གོང་རྡ་རམ་ས་ལ་ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་གནད་ཡོད་ལས་སྣེ་ཟུར་པ་སྐྱ་སེར་ཁག་ཅིག་བོད་དུ་གཉེན་འཕྲད་དང་། ཕྱིར་ལོགས་སོང་བའི་ཁྲོད། ཁོང་ཚོས་དབུ་མའི་ལམ་གྱི་དོན་དུ་ཆེད་གཏོང་ཕོ་ཉ་ཡིན་ཚུལ་བོད་མི་ནང་ཁུལ་ལ་སྒྲོག་པ་གོ་དུས། སོ་སོ་ལ་བོད་ནང་གི་བོད་མིས་མཐོང་ཚུལ་ངན་པ་མི་ཡོང་བའི་ཆེད་དུ་བཤད་པ་ཙམ་ལས། བཤད་པ་ལྟར་བདེན་པ་ཡིན་མི་སྲིད་བསམས་སོང་ཡང་། ཉེ་བའི་ལོ་ཤས་རིང་གི་རྡ་རམ་ས་ལའི་འགྱུར་བའི་ཁ་དོག་ལ་ཞིབ་པར་བལྟ་དུས། དེ་ལྟར་ས་འོག་དར་འཐག་གིས་བསླུ་ཉོ་བསླུ་ཚོང་ཞིག་བྱེད་ཀྱི་མེད་དམ་སྙམ་པའི་བསམ་བློ་ཡང་མི་གཏང་ཀ་མེད་གྱུར་ཞིང་། བོད་དོན་འཐབ་རྩོད་ཀྱིི་བདག་པོ་ནི་བོད་མི་མང་ཡིན་པས། ལས་འབྲས་དང་ངོ་ཚ་ཡོད་པའི་བོད་མི་མང་ནས་ཚིགས་རེ་རེ་དང་། བྱ་བ་སྣ་རེ་ནས་ངེས་པར་བོད་ཀྱི་དོན་དུ་གཟབ་གྲུང་དགོས་པའི་དུས་ལ་སླེབས་ཡོད།

སྤུན་ཟླ་ཚོ། ངས་དྲན་སློང་ཞིག་བྱེད། ངས་རེ་སྐུལ་ཞིག་ཞུ། བོད་ཀྱི་འཐབ་རྩོད་ཆེད་དུ། དགྲ་བོ་རྒྱ་ནག་གིས་བསད་པའི་སྤུན་ཟླ་ཁྲི་འབུམ་དུ་མའི་བློས་གཏོང་དེ་མ་བརྗེད་རོགས། གལ་སྲིད་བོད་ཀྱི་འཐབ་རྩོད་དེ་ཤི་སོང་ན། དེའི་ཉིན་མོ་ནས་བཟུང་སྤུན་ཟླ་ཁྲི་འབུམ་གྱི་རེ་བའི་ཁ་ཆེམས་དང་། ང་ཚོའི་ལས་འབྲས་དེ་གཏན་དུ་ཤི་སོང་བ་ཡིན་པས། དེ་ནས་བཟུང་ང་ཚོར་བཟང་སྤྱོད་དང་། འགན་འཁུར། ལ་རྒྱ་དང་། ལས་འབྲས་ཟེར་བ་གླེང་བའི་ཐོབ་ཐང་གཏན་ནས་མེད་ཅིང་། དེ་དུས་ང་ཚོ་ཕམ་ཟིན་ཞིང་། དེ་དུས་ང་ཚོས་མེས་པོའི་བླ་བཙོང་བ་ཡིན་པས། ངེད་བོད་བཙན་པོའི་བུ་ཕྲུག་ཚོས་ཕམ་ཁ་དེ་ནམ་ཡང་མི་ཉོ། ཕ་བླ་དེ་ནམ་ཡང་མི་བཙོང་བར། དགྲ་བོ་རྒྱ་ལ་རྒོལ་ཞིང་། མེས་རྒྱལ་སླར་གསོ་བྱེད། དེ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་དང་རིན་ཐང་ཡིན།

སྤྱིར་རྒྱལ་ཁབ་སླར་གསོའི་འཐབ་རྩོད་ལ་མཚོན་ན། དང་པོ། འཐབ་རྩོད་ཤི་མི་འཇུག་པར་འཐབ་རྩོད་གསོན་པོར་ཉར་རྒྱུ་དང་། གཉིས་པ་འཐབ་རྩོད་མདུན་སྐྱོད་ཀྱི་གོ་སྐབས་དམ་འཛིན་དང་། གོ་སྐབས་གསར་གཏོད་ཀྱིས་འཐབ་རྩོད་ཚད་མཐོ་རུ་གཏང་རྒྱུ། གསུམ་པ་འཐབ་རྩོད་ཀྱི་རིམ་པ་ཚད་མཐོ་ཤོས་ལ་སླེབས་དུས་མཐའ་མའི་ཐག་གཅོད་མ་ནོར་བ་བྱ་རྒྱུ་གསུམ་ནི། འཐབ་རྩོད་ཀྱི་རྒྱལ་ཁ་ལེན་པའི་བརྒྱུད་རིམ་གལ་ཆེ་ཤོས་དེ་ཡིན་པས། རྒྱལ་གཅེས་སྤུན་ཟླ་ཚོས་གནད་དོན་གསུམ་དེར་གཟབ་གྲུང་གིས་བལྟ་སྐུལ་སྲུང་སྐྱོབ་དང་། བརྒྱུད་རིམ་དེ་གསུམ་ལ་འབད་པ་བྱ་གལ་ཆེ་ཞིང་། དེ་རིང་བཙན་བྱོལ་བོད་མི་ཞེས་པ་ཕྱི་སྡོད་བོད་མིར་བཅོས་པ་ནི། གོང་ཞུས་བརྒྱུད་རིམ་གསུམ་ལས། འཐབ་རྩོད་གསོན་པོར་ཉར་བའི་ལྡོག་ཕྱོགས་ཆགས་ཡོད་པས། སྤུན་ཟླ་ཚོ། འདི་ནི་དོན་ཆུང་ཞིག་མིན་པར། དོན་ཆེན་ནང་གི་གནད་ཆེན་ཞིག་ཡིན་ནོ།།

སྤྱི་ལོ ༢༠༡༩།༡།༦ རེས་གཟའ་ཉི་མར་ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས།། །།

Share this:
༡༠༣༢ ཀློག་གྲངས།