ལ་དྭགས་ཁུལ་གྱི་ཁ་ཆེ་བ་ཚོས་བོད་ཡིག་སྦྱོང་བཞིན་འདུག

ཕྱི་ལོ་༢༠༡༩ ཟླ་༡ ཚེས་༡ ནས་ལ་དྭགས་གླེའི་ནང་དུ་ཡོད་པའི་ནང་པའི་རིག་གཞུང་སློབ་གཉེར་ལྟེ་གནས་ཁང་གིས་ལ་དྭགས་ཟངས་དཀར་དང་ཀར་སྒིས། སྦལ་ཏིས་བཅས་ཀྱི་བོད་ཡིག་སྦྱོང་མཁན་རྣམས་ལ་བོད་ཡིག་སློབ་པར་འགོ་བཙུགས་ཡོད་འདུག

དེ་ཡང་ལ་དྭགས་ནང་པའི་རིག་གཞུང་སློབ་གཉེར་ལྟེ་གནས་ཁང་གིས་སྔོན་ནས་ལ་དྭགས་ཁུལ་དུ་བོད་ཡིག་སློབ་པའི་འདུན་པ་ཡོད་པ་བཞིན། ཉེ་ཆར་ཀར་སྒིས་དང་སྦལ་ཏིས་བཅས་ཀྱི་ཤེས་ཡོན་པ་ཁག་གཅིག་གིས་ནང་པའི་རིག་གཞུང་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་དཀོན་མཆོག་དབང་འདུས་དང་འབྲེལ་བ་བྱས་ཏེ་བོད་ཡིག་སློབ་རོགས་ཞེས་རེ་སྐུལ་ཞུས་ཡོད་པ་ལྟར་ཟླ་འདིའི་ཚེས་༡ ནས་བོད་ཡིག་སློབ་པར་འགོ་བཙུགས་ཡོད་འདུག

ཀར་སྒིས་དང་སྦལ་ཏིས་རྣམས་ཀྱིས་བོད་ཡིག་སྦྱོང་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྦལ་ཏིས་བ་ཚོས་བོད་ཡིག་ལ་དོ་སྣང་བྱས་ནས་ལོ་༢༠ ཙམ་ཕྱིན་པ་མ་ཟད་བོད་ཡིག་སྦྱོང་བར་ལྷ་སར་ཡང་འགྲོ་གི་ཡོད་པར་བརྗོད་འདུག ཀར་སྒིས་བ་ཚོས་སྔོན་ཆད་བོད་ཡིག་ནི་ནང་ཆོས་ཡིན་པར་དོགས་ནས་མ་སྦྱངས་པ་ཡིན་ཡང་བྷང་ལ་ཏེ་ཤིའི་ཁ་ཆེ་རྣམས་ཀྱིས་ཨུར་ཏུ་དེ་གཞུང་འབྲེལ་ཡི་གེ་བྱ་དགོས་པའི་སྐད་ཆ་བྱུང་རྗེས། ལོ་གཉིས་ཀྱི་སྔོན་དུ་ལ་དྭགས་ནས་ཀྱང་རྒྱལ་སྤྱིའི་མ་སྐད་ཀྱི་ཉིན་མོར་བོད་ཡིག་དེ་མ་སྐད་ཡིན་པར་སྲུང་བརྩི་ཞུས་ཡོད་འདུག དེ་ནས་བཟུང་ཀར་སྒིས་བ་ཚོས་བོད་ཡིག་ནང་ཆོས་ཡིན་པའི་རྣམ་རྟོག་ཡལ་ཏེ། ཁོང་ཚོའི་སྐད་དང་མཐུན་པའི་ཡི་གེ་དེ་ཨུར་ཏུ་སོགས་མིན་པར་བོད་ཡིག་རང་ཡིན་པར་དོ་སྣང་བྱུང་སྟེ་ཀར་སྒིས་ཀྱི་ཤེས་ཡོན་པ་མང་པོས་བོད་ཡིག་དོ་སྣང་མ་བྱས་པར་ནོར་འཁྲུལ་ཡིན་པར་རྗོད་ཀྱི་ཡོད་འདུག་ལ། བོད་ཡིག་སློབ་པའི་ལས་གཞི་འདི་འགོ་འཛུགས་སྐབས་སུ་ལ་དྭགས་པ་དང་ཀར་སྒིས་དེ་བཞིན་སྦལ་ཏིའི་བ་བཅས་མི་༢༤༠ ཙམ་འབྱོར་ཡོད་པ་དང་། ཡི་གེ་མ་ཤེས་པ་རྣམས་ལ་ཀ་ཁ་ནས་སློབ་ཀྱི་ཡོད་པ་དང་ཏོག་ཙམ་ཤེས་མཁན་ཚོ་ལ་ཚིག་སྒྲུབ་ནས་སློབ་ཀྱི་ཡོད་འདུག། བོད་ཡིག་སྦྱོང་མཁན་ཁ་ཤས་ཉིན་ལྟར་ཆུ་ཚོད་གཉིས་ལྷག་གི་ས་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ཅིང་ཡོང་གི་ཡོད་པར་བརྗོད་འདུག རྗེས་སུ་ལ་དྭགས་ནང་པའི་རིག་གཞུང་སློབ་གཉེར་ཁང་ནས་ཨཙརྱ་ཐོན་མཁན་ཁ་ཤས་ཀར་སྒིས་དང་སྦལ་ཏིས་བཅས་ཀྱི་ས་གནས་སུ་བོད་ཡིག་སློབ་པར་གཏང་རྒྱུའི་གྲོས་བསྡུར་དང་འཆར་གཞི་ཡོད་འདུག

བོད་ཡིག་སྦྱོང་བའི་ལས་གཞི་འདིའི་མཛད་སྒོའི་སྐབས་ཀྱི་བརྙན་པར་དང་གནས་ཚུལ་རྣམས་ཀར་སྒིས་རྫོང་གི་གསར་ལམ་ཁག་ཏུ་སྤེལ་འདུག་པ་དང་ཐེངས་འདིར་གོ་སྒྲིག་བྱེད་མཁན་གཙོ་བོ་ཞིག་གིས་བརྗོད་པ་ལྟར་ན། ཁོང་ཚོས་ད་བར་དཀའ་ལས་མང་པོ་ཞིག་བརྒྱབ་ནས་ད་ལྟའི་ལས་གཞི་འདི་འགོ་ཚུགས་ཐུབ་པར་བྱུང་བ་དང་ལས་འགུལ་འདིར་མཉམ་ཞུགས་བྱས་ཏེ་ཤུགས་རྒྱག་མཁན་ཀར་སྒིས་དང་སྦལ་ཏིས་ཀྱི་ཤེས་ཡོན་ཅན་མང་པོ་ཡོད་འདུག

སྦལ་ཏིས་བ་ཚོས་བོད་ཡིག་ལ་དོ་སྣང་ཡོད་པའི་སྐོར་ལོ་ཤས་སྔོན་ནས་རྩོམ་ཡིག་དང་བརྙན་མང་པོ་ཞིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་བཞིན་དེང་སང་ཡང་སྦལ་ཏིས་བ་དང་བོད་ནང་གི་བོད་པ། གཞན་ཡང་དོལ་པོའི་སློབ་ཕྲུག་བཅས་ཀྱིས་སྦལ་ཏིས་སྐད་དང་བོད་སྐད་བར་ཕན་ཚུན་གཤིབ་བསྡུར་བྱེད་ཀྱི་འདུག་ལ་སྒྲ་གདངས་ཀྱི་ཁྱད་ཏོག་ཙམ་ལས་ཕལ་ཆེར་གཅིག་མཚུངས་ཡིན་འདུག  སྦལ་ཏིས་ནི་ད་སྐབས་པ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་ནང་དུ་གྱེས་ཡོད་པ་དང་། སྔོན་མ་བོད་ཀྱི་མངའ་འབངས་བྱེད་མྱོང་ཡོད་པ་བཞིན་དུས་རབས་མང་པོ་ཞིག་གི་རིང་བོད་ཡིག་བཀོལ་སྤྱོད་བྱས་ཡོད་འདུག་ཀྱང་། རྗེས་སུ་པར་ཤི་ཡའི་ཡི་གེས་ཤུགས་རྐྱེན་ཐེབས་ནས་བོད་ཡིག་ཉམ་ཆགས་ཕྱིན་ཡོད་འདུག འོན་ཀྱང་དེང་སང་ཤེས་ཡོན་པ་ཁག་ཅིག་གིས་རང་གི་སྐད་དང་རིག་གཞུང་འབྲེལ་ཆེ་བ་དེ་བོད་ཡིག་ཡིན་པ་ཤེས་ཏེ་བོད་ཡིག་སླར་གསོ་བྱ་རྒྱུར་འབད་བརྩོན་བྱེད་བཞིན་པ་དང་། སྦལ་ཏིས་ནང་སྐད་ཡིག་མི་འདྲ་བ་ཁ་ཤས་ཡོད་པའི་ནང་ནས་གཅིག་ནི་བོད་ཡིག་ཡིན་འདུག

ད་ཐེངས་ལས་གཞི་འདི་འགོ་འཛུགས་མཁན་རྣམས་ཀྱི་ངོས་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་ནང་དུ་ཡོད་པའི་ལ་དྭགས་དང་ཀར་སྒིས། དེ་བཞིན་སྦལ་ཏིས་བཅས་ཀྱི་ནང་དུ་བོད་ཡིག་བསླབ་རྒྱུ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པར་བརྗོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༩༡༡ ཀློག་གྲངས།