ཕྱི་སྡོད་བོད་མི་དེ་བཙན་བྱོལ་བོད་མི་ལ་འགྱུར་བ་གཏོང་རྒྱུ་ཡིན་གསུངས་སོང་།

ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཐོག་ལ། ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཞེས་བྲིས་ནས། སྤྱི་ཚོགས་ནང་ཐ་སྙད་དེའི་ཐད་མི་མཐུན་པའི་བསམ་ཚུལ་དང་ཚོར་བ་རྣོན་པོ་འདོན་མཁན་མང་པོ་བྱུང་བ་ལྟར། ཐ་སྙད་དེ་འགྱུར་བ་བཏང་ནས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཞེས་འབྲི་རྒྱུ་ཡིན་སྐོར་འཆར་འགོད་འགན་འཛིན་གྱིས་གསུངས་སོང་།

ཟླ་༡ པོའི་ཚེས་༡༡ ཉིན་རྡ་ས་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་དུ། དཔལ་འབྱོར་ལས་ཁུངས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་གྲུབ་པའི་རྗེས་སུ། བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་འགན་འཛིན་ཌོག་ཊར་དཀོན་མཆོག་བརྩོན་འགྲུས་ཀྱིས། ཟུར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། “བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཀྱི་ལས་དོན་ནང་དུ། ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་དང་། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བྱེད་མཁན་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་གཉིས་མི་འདྲེས་པའི་ཆེད་དང་། ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་བོད་མིའི་གནས་བབས་དང་རྒྱ་བལ་འབྲུག་གསུམ་ནང་སྡོད་མཁན་བོད་མིའི་གནས་བབས་མི་འདྲ་བ་ཡིན་པའི་ཆ་ནས། ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཐོག བོད་ཡིག་ནང་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཞེས་བྲིས་ཡོད་པ་དང་། སྤྱིར་བཏང་འདི་ལྟར་འབྲི་དགོས་དོན་དེར་ཆབ་སྲིད་རྒྱབ་ལྗོངས་མིན་པར། གོ་བརྡ་འཕྲོད་ཆེད་དང་ལས་དོན་ཚགས་ཚུད་ཡོང་ཆེད་ཡིན་ནའང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་བོད་མི་མང་པོ་ཞིག་གིས་ཚོར་བ་རྣོན་པོས་བསམ་ཚུལ་སྤེལ་ཡོད་པས། ཕྱི་སྡོད་བོད་མི་ཞེས་པ་དེ་ཕྱིར་འཐེན་བྱས་ཏེ་བཙན་བྱོལ་བོད་མི་ཞེས་འགྱུར་བ་གཏོང་རྒྱུ་ཡིན་”གསུངས་སོང་།

དེ་བཞིན་ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་བོད་མི་ཚོའི་འགེངས་ཤོག་ནང་དུ་བོད་ཡིག་མེད་པའི་བསམ་ཚུལ་འདོན་མཁན་མང་པོ་བྱུང་བ་དང་འབྲེལ་ནས་ཁོང་གིས་གསུང་དོན། “ཐོག་མར་འགེངས་ཤོག་ནང་བོད་ཡིག་བྲིས་ཡོད་པ་རེད་དེ། ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་ཚོས། འགེངས་ཤོག་སྐོང་མཁན་ཚང་མ་གཞོན་སྐྱེས་ཡིན་པ་དང་། ཁོ་ཚོ་ཕར་ལ་སློབ་སྦྱོང་བྱེད་མཁན་ཤ་སྟག་ཡིན་དུས། བོད་ཡིག་དེ་ཡག་པོ་གོ་ཐུབ་ཀྱི་མི་འདུག་པས་དབྱིན་ཡིག་ནང་བསྒྱུར་རོགས་ཞེས་རེ་སྐུལ་ཞུས་པ་ལྟར། དེ་ལྟར་བྱས་པ་ཡིན་”ཞེས་གསུངས་སོང་།

དེ་བཞིན་འགེངས་ཤོག་དེ་དབྱིན་ཡིག་ནང་བསྒྱུར་ཟིན་རྗེས། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་དང་མི་འདྲེས་པ་དང་། གློག་ཀླད་ནང་འཇུག་སྐབས་མི་འདྲེས་པ་དང་ཉིས་ལྡབ་མི་ཡོང་ཆེད་དུ། འགེངས་ཤོག་ཐོག་ཏུ་བོད་ཡིག་ནང་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཞེས་བྲིས་ཡོད་པ་དང་། དེ་ལ་མིང་མི་འདྲ་བ་ཞིག་བྲིས་ནའང་། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བཙན་བྱོལ་བོད་མི་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད་དེ། ཐ་སྙད་དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ལ་ཆབ་སྲིད་ཀྱི་གནས་སྟངས་ཤིག་ཆགས་ནས་ཚོར་བ་རྣོན་པོ་ཆགས་ཡོད་པས། མིང་དེར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཞེས་འགྱུར་བ་གཏོང་རྒྱུ་ཡིན་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་མི་འབོར་ཞིབ་བཤེར་ལ་མཉམ་ཞུགས་བྱེད་རྒྱུ་མིན་གསུང་མཁན་ཡོད་འདུག་པས། མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་སྲུང་སྐྱོབ་ལ་སྒྲིག་གཞི་དོ་ནན་པོ་བཟོས་ཡོད་པས། སེམས་ཁྲལ་བྱེད་དགོས་ཡུལ་མེད་ཁར། མི་འབོར་ཞིབ་བཤེར་དེས་མ་འོངས་པར་ཕྱི་རྒྱལ་ཁག་ལ་ལས་དོན་སྤེལ་སྐབས། བོད་མིའི་མི་འབོར་གྱི་གྲངས་ཚད་ཤེས་པའི་ཐོག་ནས་འཆར་གཞི་སྒྲིག་རྒྱུ་སོགས་ལ་ཕན་ཐོགས་ཡོད་པས་ངེས་པར་དུ་མཉམ་ཞུགས་གནང་རོགས་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༣༦༠༡ ཀློག་གྲངས།