དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་གནང་།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་འདས་པའི་ལོ་གཉིས་ཀྱི་རིང་དགུན་ཚོང་རྒྱག་མཁན་ཚོར་འཚོ་རྟེན་རོགས་སྐྱོར་ལས་གཞི་ཚགས་ཚུད་གང་ལེགས་བྱུང་རྗེས། དབྱར་ཚོང་རོགས་སྐྱོར་གྱི་ལས་གཞི་དང་པོ་འགོ་འཛུགས་གནང་གི་ཡོད་པ་རེད།

ཕྱི་ལོ་༢༠༡༩ ཟླ་༡ ཚེས་༡༡ གི་སྔ་དྲོ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡི་ཤེས། དཔལ་འབྱོར་དྲུང་ཆེ། སྤྱི་ཁྱབ་འཆར་འགོད་འགན་འཛིན། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་བཅས་ཀྱིས་དབྱར་ཚོང་རོགས་སྐྱོར་བུན་གཡར་དང་འབྲེལ་བའི་གསར་འགོད་གསལ་འགོད་ལྷན་ཚོགས་ཤིག་བསྐོང་སོང་བ་དང་། སྐབས་དེར་སྤྱི་ཁྱབ་འཆར་འགོད་འགན་འཛིན་ཌོག་ཊར་དཀོན་མཆོག་བརྩོན་འགྲུས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་དང་བརྗོད་བྱའི་སྐོར་གསུངས་དོན། དེ་རིང་འཛོམས་དགོས་དོན་ནི་ཟླ་བ་བརྒྱད་ཀྱི་སྔོན་དུ་གསར་འགོད་གསལ་བསྒྲགས་ཤིག་ལ་སུད་ཚོང་བུན་གཡར་ལས་གཞི་འགོ་འཛུགས་ཀྱི་ཡོད་པ་དང་། གཞན་ཡང་བུན་གཡར་ལས་གཞི་ཆེ་ཆུང་ཁག་གསུམ་ཙམ་ཞིག་འགོ་འཛུགས་རྒྱུ། མ་འོངས་པར་ལས་གཞི་མུ་མཐུད་སྤེལ་རྒྱུ་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པ་ཞིག་དེབ་སྐྱེལ་ཟིན་ཏེ། རྗེས་སུ་ལག་ཁྱེར་རག་གི་ཡོད་ཚུལ་སོགས་གསུངས་ཡོད་པ་ལྟར། ཟླ་བ་བརྒྱད་རྗེས་སུ་བཀའ་ཤག་གི་སྲིད་ཇུས་དང་དཔལ་འབྱོར་ལས་ཁུངས་ཀྱིས་རྒྱབ་སྐྱོར། གཞན་ཡང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་གྱི་གྲུབ་འབྲས་ལ་བརྟེན་ནས་རྒྱ་གར་གྱི་དངུལ་ཁང་ཆེན་མོ་དང་མཇལ་འཕྲད་བྱུང་སྟེ་ད་རེས་ཀྱི་ལག་ཁྱེར་འདི་ཐོབ་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལག་ཁྱེར་དང་སུད་ཚོང་བུན་གཡར་ལས་གཞིའི་ཐོག་གསུང་དོན། “རྒྱ་གར་དངུལ་ཁང་ཆེན་མོ་ནས་ལག་ཁྱེར་འདི་ཐོབ་ཡོད་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་གཞུང་འབྲེལ་གྱི་ཡིག་ཆ་ཐོབ་ཡོད་པ་འདིས་ད་ནས་ཕྱག་ལས་ག་རེ་གནང་ཡང་རྒྱ་གར་གྱི་ཁྲིམས་དང་མཐུན་ཞིང་བཀའ་འཁྲོལ་ཡོད་པའི་ཐོག་ནས་གནང་གི་ཡོད་རེད་”ཅེས་མ་འོངས་པར་བསྟི་གནས་འདི་དངུལ་ཁང་ཞིག་ཏུ་བསྒྱུར་རྒྱུའི་དམིགས་ཚད་འཛིན་གྱི་ཡོད་སྐོར་གསུངས་སོང་།

ཁོང་གིས་མཐུད་གསུང་དོན། སྔོན་ཆད་སུད་ཚོང་བུན་གཡར་ལས་གཞི་སྤེལ་ཡོད་པ་ལྟར་བུན་གཡར་བརྒྱ་ཆ་བརྒྱ་ད་ལྟ་ལོག་ཐུབ་ཡོད་པ་ནི་བོད་པ་ཟེར་དུས་ཡ་རབས་བཟང་སྤྱོད་དགོས་ཞེས་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་བཞིན་དངོས་སུ་གྲུབ་འབྲས་འགྲེམས་སྤེལ་བྱ་རྒྱུ་ཞིག་ཆགས་ཡོད་པས་བུན་གཡར་ལས་གཞི་མུ་མཐུད་སྤེལ་རྒྱུ་ཡིན་ཚུལ་དང་། དེ་སྔོན་རྟ་དྲིལ་དེད་ནས་ཚོང་རྒྱག་མཁན་དང་ལམ་ཟུར་ཚོང་རྒྱག་མཁན། དེ་བཞིན་རླངས་འཁོར་གཏོང་མཁན་རྣམས་ལ་བུན་གཡར་ལས་གཞི་སྤེལ་བ་དག་ད་ལྟའི་ཆར་ཚང་མ་ལོག་ཐུབ་པའི་འཆར་གཞི་ཡོད་སྐོར་དང་། གཞན་ཡང་དགུན་ཚོང་ལ་བུན་གཡར་ལས་གཞི་སྤེལ་བ་ལྟར་དབྱར་ཚོང་ལ་ཡང་དགོས་པའི་རེ་འདུན་འབྱོར་བ་བཞིན་ཞིབ་འཇུག་བྱས་ཏེ། དབྱར་ཚོང་གནང་མཁན་ས་གནས་ཁག་༡༣ ནང་ཡོད་པའི་བོད་མི་གྲངས་༦༠༠ ཙམ་ལ་སྐྱེད་ཀ་བརྒྱ་ཆ་གསུམ་རང་གི་ཐོག་ནས་མི་རེར་སྒོར་འབུམ་༢ རེ་དང་ཁྱོན་བསྡོམས་སྒོར་ས་ཡ་༡༢༠ གཏང་རྒྱུའི་དབྱར་ཚོང་རོགས་སྐྱོར་ལས་གཞི་གསར་པ་སྤྱི་ཟླ་༢ པ་ནས་ས་གནས་འགོ་འཛིན་བརྒྱུད་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྤྱི་ཟླ་༧ པ་༨ པའི་ནང་བུན་གཡར་ཚུར་སློག་དགོས་ཀྱི་ཡོད་པ་དང་། དེ་ལྟར་བྱས་ན་སྐྱེད་ཀ་སྟོང་ཕྲག་དྲུག་ལས་མི་དགོས་ཚུལ་གསུངས་པ་དང་། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་ལ་བཞུགས་འདོད་ཡོད་པ་དང་ཚོང་རྒྱག་འདོད་ཡོད་མཁན་ཚོ་ལ་མཐུན་རྐྱེན་སྦྱར་ཡ་དེ་ཡིན་ཞེས་གསུངས་སོང་།

དེ་རྗེས་དཔལ་འབྱོར་བཀའ་བློན་གྱིས་གསུང་དོན། “དེ་སྔོན་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བརྒྱུད་ནས་འཚོ་རྟེན་རོགས་སྐྱོར་མི་༩༡༣ ལ་མི་རེར་འབུམ་རེ་རེ་བྱས་ནས་འབུམ་༩༡༣ གཡར་ནས་དུས་ཐོག་ཏུ་སློག་ཐུབ་པ་བྱུང་བ་དང་། སྔ་ལོར་སུད་ཚོང་རྒྱག་མཁན་མི་༡༣༡༦ ལ་འཚོ་རྟེན་རོགས་སྐྱོར་ལས་གཞི་མི་རེར་འབུམ་རེ་རེ་བྱས་ནས་འབུམ་༡༣༡༦ གཡར་བ་སྤྱི་ཟླ་༢ པའི་ནང་སློག་དགོས་ཀྱང་ཁ་སང་དགོང་མོ་བར་འབུམ་༡༢༦༦ སློག་ཚར་བས་བརྒྱ་ཆ་བཞི་ལས་ལྷག་མེད་”ཅེས་དང་། དེ་བཞིན་སྔ་ལོར་ལས་གཞི་གཉིས་པ་ཚོང་ཙག་ཙིག་རྒྱག་མཁན་༦༧ ལ་འབུམ་རེ་རེ་བྱས་ནས་འབུམ་༦༧ གཡར་བ་རྣམས་ཚང་མ་སློག་ཚར་བ་དང་རྟ་དྲིལ་ཐོག་ཅ་དངོས་དབོར་འདྲེན་བྱེད་མཁན་མི་༡༧ ལ་འབུམ་རེ་རེ་གཡར་བ་དག་ཀྱང་ཚུར་སློག་ཚར་བར་གསུངས་པ་དང་། དེ་བཞིན་རླངས་འཁོར་གཏོང་མཁན་རྣམས་དེ་ལྟར་སློག་ཐུབ་ན་མ་འོངས་པའི་ལས་གཞི་གསུམ་པ་བཞི་པར་རོགས་དངུལ་གནང་མཁན་དང་འགོ་འཛུགས་རྒྱུར་ཕན་ཐོགས་ཆེ་བར་གསུངས་སོང་།

གཞན་ཡང་འཚོ་རྟེན་རོགས་སྐྱོར་སྐབས་གཉིས་པའི་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་བརྒྱ་ཆ་༥༥ སྐྱེས་པ་དང་། བརྒྱ་ཆ་༤༥ བུད་མེད་ཡིན་འདུག་པ་དང་།  ཚོང་ཙག་ཙིག་རྒྱག་མཁན་ནང་བརྒྱ་ཆ་༩༥ བུད་མེད་ཡིན་པར་གསུངས་སོང་། །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༦༦༦ ཀློག་གྲངས།