སྐྱོ་དབྱངས་མངར་མོའི་གློག་བརྙན་ལ་གཟེངས་རྟགས་ཐོབ་འདུག

ཟླ་༡ པོའི་ཚེས་༡༣ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཨུ་རང་གྷ་བཌེ་(Aurangabad) ནང་གོ་སྒྲིག་བྱས་པའི་ཨུ་རང་གྷ་བཌེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དྲུག་པའི་ཐོག བསྟན་འཛིན་བསོད་ནམས་དང་རི་ཏུ་སེ་རཱན་གཉིས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན་སྐྱོ་དབྱངས་མངར་མོ་ལ། མི་མང་གི་ཆེས་དགའ་ཤོས་བྱེད་ཡུལ་གྱི་གློག་བརྙན་གཟེངས་རྟགས་ཐོབ་ཡོད་འདུག

ཕྱི་ལོ་༢༠༠༦ ལོའིཟླ་༩ པའི་ནང་བོད་མི་ཁག་ཅིག་རྒྱ་གར་དུ་བཙན་བྱོལ་དུ་ཡོང་བའི་ལམ་དུ། རྒྱ་ནག་གི་ས་མཚམས་དམག་མིས་མེ་མདའ་བརྒྱབ་ཏེ་ལོ་༡༧ སོན་པའི་བཙུན་མ་ཞིག་བསད་པའི་གནས་ཚུལ་དེ་ཡིས་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་རི་ཏུ་སི་རཱན་བཟའ་མི་གཉིས་ལ་སེམས་ཚོར་དྲག་པོ་བྱུང་ནས་གློག་བརྙན་དེ་བཟོ་སྐྲུན་དང་འཁྲབ་ཁྲིད་བྱས་པ་ཡིན་པ་རེད། དེའི་ནང་དོན་གཙོ་བོ་ནི་རང་ལོ་༢༦ ཡིན་ཞིང་རྒྱལ་ས་ལྡི་ལིར་འཚོ་སྡོད་བྱས་པའི་བུ་མོ་སྒྲོལ་དཀར་ཆུང་དུས་ནས་ཕ་རྒན་དང་མཉམ་དུ་དཀའ་སྡུག་དུ་མའི་ངང་བོད་ནས་བྲོས་བྱོལ་ལ་ཡོང་བའི་གཏམ་རྒྱུད་དང་། དེ་བཞིན་རང་གི་དྲིན་ཆེན་ཨ་མ་དང་གཅུང་མོ་གཉིས་ཤུལ་དུ་ལྷག་པའི་དྲན་གདུང་།  བྲོལ་བྱོལ་གྱི་མི་ཚེའི་ནང་སྐྱབས་བཅོལ་གྱི་འཚོ་བ་གསར་པ་ཞིག་ལ་གདོང་གཏད་ནས་འཚར་ལོངས་བྱུང་བ་སོགས་ཀྱི་སྒྲུང་ཡིན་པ་རེད། གློག་བརྙན་དེ་སྙན་གྲགས་ཆེ་བའི་ཊོ་རན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་སུ་གཟིགས་འབུལ་ཆེད་དུ་འདེམས་སྒྲུག་བྱས་པའི་གློག་བརྙན་ཁག་གི་ཁྲོད་དུ་ཐོན་ནས། བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་པོ་ཐོན་ཡོད་པ་རེད།

བསྟན་འཛིན་བསོད་ནམས་དང་རི་ཏུ་སེ་རཱན་གཉིས་ནི་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་ཡིན་ཁར། ད་བར་ལྷ་སའི་རྨི་ལམ། སྤྲིན་རྒྱབ་ཀྱི་ཉི་མ་སོགས་གློག་བརྙན་ཁག་ཅིག་འཁྲབ་ཁྲིད་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༧༨ ཀློག་གྲངས།